དབུ་ཤོག>སྲིད་དོན།
  • ཀྲོང་ཡན་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་དབྱར་དུས་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཆེ་གྲས་ལ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-21

    ཚེས་17ཉིན་གྱི་སྔ་དྲོ། 2021ལོའི་མཐོ་སློབ་སློབ་ཐོན་སློབ་མའི་དབྱར་དུས་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཆེ་གྲས་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ལས་བསྡུའི་འདུ་ཚོགས་ཚོགས་ཡུལ་དུ་ཕེབས་ཏེ། ལས་བསྡུའི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་མ་ཟད། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ད་རེས་ཀྱི་ལས་བསྡུའི་འདུ་ཚོགས་དེ་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཤེས་ལྡན་མི་སྣའི་ཐང་ཆེན་དུ་འཚོགས་ཤིང་། ཀྲུང་དབྱང་ཁེ་ལས་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་ཀྱི་མི་སྤྱོད་ཚན་པ་200ལས་བསྡུའི་འདུ་ཚོགས་སུ་ཞུགས་ནས་ལས་ཞུགས་ལས་གནས་2350མཁོ་འདོན་བྱས་ཡོད། ཀྲོང་ཡན་གྱིས་ཕེབས་ཀྱིན་གཟིགས་ཀྱིན་གནང་སྟེ། ལས་བསྡུའི་འདུ་ཚོགས་སྒྲིག་འཛུགས་དང་། ཁེ་ལས་ཀྱི་གླ་ཕོགས་དང་ཐོབ་ཐང་། ལས་བསྡུ་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་རེད། ཀྲོང་ཡན་གྱིས་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མར། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་ལོན་པ་དང་། མི་སྒེར་གྱི་ཕུགས་བསམ་དོན་གཉེར་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་མཉམ་འདྲེས་ཐུབ་པར་བྱེད་པ། སྲོལ་རྒྱུན་གྱི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ལས་རིགས་འཕེལ་རྒྱས་གཏོང་སྟངས་འཆར་འགོད་ལུགས་མཐུན་བྱེད་པ། ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ཡག་པོ་སྤྱོད་པ། ལག་ལེན་ཁྲོད་སྦྱོང་བརྡར་ཐེབས་པ་བཅས་བྱས་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལེགས་སྐྱེས་མང་ཙམ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

    དེ་རྗེས་འཚོགས་པའི་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུའི་ཐོག ཀྲོང་ཡན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་ཞུ་དང་། བསམ་འཆར། གྲོས་འགོ་བཅས་ནན་ཏན་ངང་གསན་ནས་འདི་ལོ་ཤར་ཚུན་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ལས་ཞུགས་ཀྱི་དུས་བབ་དང་སྲིད་ཇུས་གནད་ལ་སྨིན་པོས་སྒྲོག་འགྲེལ་བྱེད་དགོས་ཤིང་། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་འཚོལ་གྱི“སྐར་ཁུང་དུས་སྐབས”དམ་འཛིན་ཡག་པོ་བྱས་ཏེ། གསོན་ཉམས་དོད་པའི་དཔེ་མཚོན་བགྲངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་བྱེད་པ། རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཅས་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་སློབ་མ་དང་ཁྱིམ་ཚང་ལ་ཡང་དག་པའི་ལས་ཞུགས་ཀྱི་ལྟ་བ་དང་ལས་འདེམས་ཀྱི་ལྟ་བ་བཙུགས་ནས་དུས་རབས་གསར་པའི་ལས་ཞུགས་བྱེད་ཕྱོགས་རང་རྟོགས་ངང་ལག་བསྟར་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས་པ་དང་། གནད་ལ་སྨིན་པོས་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་ཞུགས་ལ་རོགས་སྐྱོར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ལས་གནས་ཀྱི་གྲངས་འབོར་མང་དུ་གཏོང་བ། ལས་གནས་བཀོད་སྒྲིག་འོས་འཚམ་མཐོ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ནན་དུ་གཏོང་བ་བཅས་བྱས་ནས་ལས་ཞུགས་ཞབས་ཞུའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནད་ལ་སྨིན་པོས་ལྗོངས་ཕྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་དང་སྦྲེལ་མཐུད་མཐུན་སྦྱོར་ལ་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་། ཉམས་མྱོང་དང་བྱེད་ཐབས་དུས་ཐོག་ཏུ་ཕྱོགས་སྡོམ་ཡག་པོ་བྱེད་པ། སྲིད་ཇུས་ཀྱི་ལྕག་སྐུལ་དང་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ“ཕྱིར་སྐྱོད”ལས་ཞུགས་ཡོང་བར་སྐུལ་ལྕག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐད་ཀྱི་དགོས་མཁོ་དང་། བསམ་འདུན། རེ་སྒུག སེམས་ཁྲལ་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ཏེ། གནད་དོན་ཐག་གཅོད་བྱུང་བའི་ཕན་འབྲས་དངོས་ལ་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མར་དེ་བས་ལེགས་པ་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།