འདི་ལོའི་ཟླ་6ཚེས་12ཉིན་ནི་རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐེངས་16པ་དེ་ཡིན། ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྷ་སར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་སྦྱོང་རྟེན་གཞི་ཞིག་ཡིན་པ་དང་། དེ་གར་ཐང་ག་གསར་བཞེངས་དང་འབྲེལ་བ་ཡོད་པའི་ཆ་ལག་ཚང་བའི་བརྒྱུད་རིམ་གསོག་ཉར་དང་འགྲེམས་སྟོན་བྱས་ཡོད། ཀྲོང་ཡན་དེ་གར་ཕེབས་རྗེས་གཏེར་ཁ་དང་རྩི་ཤིང་གི་ཚོན་རྒྱུ་བཟོ་སྟངས་དང་། ཐང་ག་འབྲི་བཞེངས། བོད་ཡིག་གི་ཡིག་གཟུགས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་འགྲེམས་སྟོན་ལ་ནན་ཏན་ངང་གཟིགས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། དགེ་ཕྲུག་ཚོའི་ལག་རྩལ་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ལས་ཞུགས་ཐུབ་པ་མཁྱེན་རྗེས་ཀྲོང་ཡན་གྱིས་ཁས་ལེན་གནང་བ་དང་སྦྲགས། ཁོང་ཚོར“ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་རེད”ཅེས་བསྔགས་བརྗོད་གནང་ཞིང་། ཚང་མས་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་མུ་མཐུད་འབད་བརྩོན་བྱེད་པ་དང་། འཚོལ་ཞིབ་ཡང་ཡང་བྱེད་པ། ལག་རྩལ་ཡག་པོ་སྦྱོང་བ། རྒྱལ་ཁབ་ཀྱི་སྤྱི་སྐད་དང་ཡི་གེ་ཡག་པོ་སྦྱོང་བ་བཅས་བྱས་ནས་བོད་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད།
ཀྲོང་ཡན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ཁེ་ལས་ཀྱི་འགན་འཁུར་བ་ཚོར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུའི་སྐོར་གྱི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཡར་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
ནོར་བུ་གླིང་ཁ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་གཏོགས་པ་དང་། 2001ལོར་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་རེད། དེ་གར་རིམ་པ་ཁག་གི་རིག་དངོས་སྣ་ཚོགས་ཁྲི་12ལྷག་ཙམ་ཉར་ཚགས་བྱས་ཡོད། ཀྲོང་ཡན་གྱིས་རིག་དངོས་སྲུང་སྐྱོབ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་། དུས་རབས་གསར་པའི་རིག་དངོས་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་མཐོ་ཚད་ནས་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།