དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཆེད་དོན་ཏང་གི་སློབ་ཚན་ཐོག་སྙན་ཞུ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2021-06-14

     ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་གྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་སྒྲིག་ཁྲིམས་ནན་པའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་གཏོད་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཆེད་དོན་སྙན་ཞུ་གནང་བ་རེད།

    ཝང་ཝུའེ་ཏུང་གིས། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”བྱེད་པར་མིག་དཔེ་འདོན་དགོས། སྤྱོད་གཙང་གི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཡང་དག་དང་སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་ཀྱི་ཐོག་ནས་བཀའ་ཁུར་རང་གཅུན་གྱི་མིག་དཔེ་འདོན་དགོས། མང་ཚོགས་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱི་ཐོབ་སྣང་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་མིག་དཔེ་འདོན་དགོས། ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། གསང་སྲུང་གི་འདུ་ཤེས་དང་བརྒྱུད་རིམ་གྱི་ལྟ་བ་ཟབ་ཏུ་བཏང་སྟེ་ལས་འགན་སྒྲུབ་པ་དང་འགན་འཁྲི་འཁུར་བའི་མིག་དཔེ་འདོན་དགོས། འཚོ་བའི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། མི་སྒེར་གྱི་འབྲེལ་བའི་འཁོར་རྒྱ་དང་། གྲོགས་པོའི་འཁོར་རྒྱ། འཚོ་བའི་འཁོར་རྒྱ་བཅས་གཙང་མ་བྱེད་པ། དཀའ་སྤྱད་འབད་འཐབ་དང་ཧུར་བསྲི་གྲོན་ཆུང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་བཅས་ཀྱི་མིག་དཔེ་འདོན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཝུའེ་ཏུང་གིས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། “ལས་རྣམ་བཞི”གནད་སྨིན་ནུས་ཆེའི་ངང་སྤྱོད་པ། དོ་དམ་བཅོས་སྒྲིག་ནན་པོ་དང་རང་ངོས་དྭངས་གཙང་བྱེད་ཤུགས་ཆེ་རུ་གཏོང་བ། “སྒྲོན་འོག་མུན་པ”མུ་མཐུད་བཅོས་སྒྲིག་བཅས་བྱས་ཏེ་སྒྲིག་ཁྲིམས་ནན་པོར་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།