རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ནས་སྡེ་ཚན་ཁག་གི་སྙན་སེང་གསན་པ་དང་། གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་གནང་བ་མ་ཟད། ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། བྱ་སྤྱོད་མྱུར་དུ་སྤེལ་བ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་རྒྱལ་ཁབ་པུའུ་ཨུད་ཀྱིས་རྒྱབ་སྐྱོར་བྱེད་དགོས་པའི་འབྲེལ་ཡོད་གནད་དོན་གལ་ཆེན་ལ་ཆེད་མངགས་སྙན་སེང་ཞུས་ནས་འབྲེལ་མཐུད་བྱས་པ་དང་། རྒྱབ་སྐྱོར་དང་རོགས་རམ་ཐོབ་ཐབས་བྱས་པ། དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བཅས་བྱས་པས། གཙོ་གནད་ལས་དོན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་སྤྱི་ཡོངས་ཀྱི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོབ་ཡོད་ཅེས་བསྟན་པ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་ཁུར་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བསམ་འཆར་དང་ལས་བགོས་ཀྱི་ཇུས་གཞི་གཞིར་བཟུང་ཞིབ་ཕྲའི་གནད་དོན་ལ་དམ་འཛིན་དང་དོན་ཐོག་ཏུ་ཞིབ་ཚགས་འཁྱོལ་བར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་བསལ་གཅེས་སྐྱོང་དེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་ཧུར་ཐག་བསྒྱུར་བ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་གཞི་ཆེའི་སྲིད་ཇུས་ཁོང་དུ་ཡང་དག་ཆུད་པ། རང་འགུལ་ངང་རྒྱལ་ཁབ་པུའུ་ཨུད་དབར་གྱི་སྤེལ་རེས་དང་འབྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་གི་སྔོན་འགྲོའི་འཆར་གཞི་དང་སྤྱི་འདོམས་སྐུལ་འདེད་ལ་དམ་འཛིན་ལྷོད་མེད་བྱེད་དགོས། འགན་ནུས་ཀྱི་ཁྱབ་ཁོངས་ལ་གཞི་ཚུགས་ནས་རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འཁྲི་འགན་རང་འཁུར་དང་རང་འགན་གཙང་སྒྲུབ། ཕན་ཚུན་རོགས་རེས་དང་གཞོགས་འདེགས་དམ་ཟབ། གནད་སྨིན་ཇུས་བསྟར་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་དུས་མཚམས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་ཀྱི་ལས་དོན་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ་དང་། ལས་དོན་གྱི་ནང་དོན་གནད་འཁེལ་ལེགས་སྒྲིག་བྱེད་པ། གསལ་ཐོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་གྱི་ཆེད་དོན་ཚན་ཁག་འཛུགས་པ། དུས་བཀག་ལྟར་བཀོད་གཏོང་དང་དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།