ཚེས་2ཉིན། རྒྱལ་ཡོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐྱེད་སྲིང་དང་འཕེལ་བར་ཤུགས་སྣོན་རྒྱག་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་། གསུང་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། རྒྱལ་མཚན། ཀྲང་ཡན་ཆིང་། མོང་ཞའོ་ལིན། ཀྲང་ཧུང་པོ། རེན་ཝེ། ཕུར་བུ་དོན་གྲུབ། ཝང་ཡུང་བཅས་ཚོགས་འདུར་ཞུགས་པ་རེད།
ཆེ་དགྲ་ལྷས་བསྟན་དོན། ན་ནིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཁྲོམ་རའི་བྱེད་པོའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་སྲིད་གཞུང་གི་ལས་དོན་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེར་བརྩི་བ་དང་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ཐབས་ཇུས་ཞིབ་འཇུག་དང་འབྲེལ་ཡོད་སྲིད་ཇུས་ཡིག་ཆ་བཏོན་ཏེ“གློད་རྒྱུ”ནས་འགོ་བརྩམས་པ་དང་། “སྡོམ་རྒྱུ”ནས་ཤུགས་སྣོན་བརྒྱབ་པ། “ཞབས་ཞུ”བྱེད་ཤུགས་ཆེ་རུ་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་སྤེལ་བ། སྲིད་འཛིན་གྱི་ཞིབ་མཆན་ཁག་ཉུང་དུ་ཤུགས་ཆེན་བཏང་བ། ཁྲོམ་རར་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། “དྲ་སྦྲེལ་+ལྟ་འདོམས”ཀྱི་ལས་སྟེགས་བཙུགས་པ། ལྗོངས་ཡོངས་ཀྱི་སྲིད་དོན་ཞབས་ཞུའི“དྲ་བ་གཅིག”སྤྱིའི་ཆ་ནས་གྲུབ་པ། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དངོས་སུ་སྤྱོད་འགོ་ཚུགས་པ་བཅས་བརྒྱུད་ནུས་ལྡན་གྱི་ཁྲོམ་ར་དང་སྲིད་གཞུང་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱ་རྒྱུར་སྐུལ་མ་ཐེབས་ཏེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད། ན་ནིང་ལོ་མཇུག་བར་ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་36.5ལྷག་ཙམ་ཡོད་པ་དང་། གསར་དུ་བཙུགས་པའི་ཁེ་ལས་ཀྱིས་བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་སྤྱོད་ཚད་95%ཟིན་པ། ལོ་ཧྲིལ་པོར་གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་55.94བྱས་པ། 2020ལོར་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་595.55དམིགས་སར་འབྱོར་བ་བྱས་པ་བཅས་རེད།
ཆེ་དགྲ་ལྷས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལོ་འགོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི“སྲིད་གཞུང་གི་དྲ་ཐོག་སྲིད་དོན་ཞབས་ཞུའི་ནུས་པ་སྤྱིའི་ཆ་ནས་བང་རིམ་3སླར་ཡང་མཐོ་རུ་གཏོང་རྒྱུ་དང་ཚོང་གཉེར་ཁོར་ཡུག་གི་དམིགས་ཚད་དཔྱད་བསྡུར་བང་རིམ་5སླར་ཡང་མཐོ་རུ་གཏོང་རྒྱུའི”དམིགས་ཚད་ལ་དམིགས་པ། “ལྡན་དགོས་པ་གསུམ་པ་དང་ཕན་པ་གཅིག”གི་བླང་བྱ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐྱེད་སྲིང་དང་འཕེལ་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས།