དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་སར་མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་མཉམ་དུ“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དགའ་གཏོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-03

     ཟླ་6ཚེས་1ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལ་ཕེབས་ནས། མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པའི་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མོང་ཞའོ་ལིན་དང་ཏུའུ་ཅན་ཀུང་མཉམ་དུ་ཕེབས་པ་རེད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཕྲུ་གུ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རང་ཉིད་ཀྱི་དུས་ཆེན་དགའ་གཏོང་བྱེད་བཞིན་ཡོད། སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་མཛད་སྒོར་ཞུགས་ཟིན་པའི་ཕྲུ་གུ་ཚོས་ཀྲོང་ཡན་གྱི་གམ་དུ་ཡོང་ནས་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་རྗེས་དགའ་བ་དཔག་མེད་བྱུང་ཚུལ་བཤད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པའི་གཟུགས་གཞི་བདེ་ཐང་དང་། འཚར་ལོངས། འཇོན་ཐང་ཅན་ལ་འགྱུར་རྒྱུ་བཅས་ལ་ཐུགས་ཁུར་ཆེན་པོ་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། ལོ་ཆུང་བྱིས་པ་ཚོས་དུས་སྐབས་བཟང་པོར་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་མ་འོངས་པར་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་པའི་མི་ཞིག་བྱེད་དགོས་པའི་མངགས་བཅོལ་ཟབ་མོའང་གནང་ཡོད”ཀྲོང་ཡན་གྱིས་སློབ་གྲོགས་ཚོར“ཁྱེད་ཚོས་སྤོ་བོ་ཞི་ཅིན་ཕིང་ལགས་ཀྱི་ཐུགས་ཁུར་དང་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ། སློབ་སྦྱོང་ལ་འབད་བརྩོན་དང་། ཕུགས་བསམ་དང་དད་སེམས་བརྟན་གཏོང་། བློ་སྟོབས་བརྟན་པོ་ཞུན་བརྡར། གཟུགས་པོར་སྦྱོང་བརྡར་བཅས་བྱས་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་ཞིག་ཏུ་འགྱུར་གང་ཐུབ་བྱེད་དགོས”ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ད་དུང་སློབ་གྲྭ་འཛུགས་སྐྲུན་དང་ཁྱད་ལྡན་སློབ་གཉེར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རྒྱ་ཆེའི་ལོ་ཆུང་བྱིས་པའི་ལས་དོན་པ་དང་ལྷག་པར་དུ་དགེ་རྒན་ཚོས་བློས་གཏོང་དང་འབད་འཐབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ཚོར་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བོད་ཀྱི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་པ། དུས་རབས་གསར་པའི་སློབ་གསོ་སློབ་ཁྲིད་ཀྱི་བྱ་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སློབ་མར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།