ཉིན་ཤས་གོང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཐོན་ཁུངས་ཚོད་སྐོར་ལས་དོན་མཐུན་སྦྱོར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།
ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ལི་མོང་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོའུ་ཙེང་ཆན། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཕེང་ཏེ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་སོགས་འགོ་ཁྲིད་དང་ཡོན་ཧྲི་རིགས་གཅིག་མཁས་ཅན་30ལྷག་ཙམ་ཚོགས་འདུར་ཞུགས་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཆེ་དགྲ་ལྷས་ནན་བཤད་གནང་དོན། མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་རེད་ལ། ས་གོ་ལའི་གླིང་སྣེ་གསུམ་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན། འཐབ་ཇུས་ཐོན་ཁུངས་ཀྱི་གསོག་འཇོག་རྟེན་གཞི་བཅས་ཀྱང་རེད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ཡག་པོ་བྱ་རྒྱུ་དེ་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་མངོན་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་གཏོང་། མཚོ་བོད་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དམིགས་བསལ་གྱི་ས་གཤིས་དང་གནམ་གཤིས་ཁོར་ཡུག་གི་ཤུགས་རྐྱེན་འོག་མིག་སྔར་མཚོ་བོད་ས་མཐོའི་ཐོན་ཁུངས་རྩད་ཞིབ་གདེང་འཇོག་ལས་དོན་སྤེལ་ཚད་སྔར་བཞིན་མཐོ་པོ་མེད་པས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ལས་སྟེགས་ཀྱི་ལེགས་ཆ་དང་རིག་ཚན་འདུས་གྲུབ་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་སྔོན་ཆད་ཁ་ཐོར་ཡིན་པའི་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཀྱི་བརྟག་དཔྱད་གྲུབ་འབྲས་གཅིག་གྱུར་ཡོང་བ་བྱེད་པ་དང་། མཚོ་བོད་ས་མཐོའི་ཐོན་ཁུངས་བརྟག་དཔྱད་དང་གདེང་འཇོག་ལ་སྔར་བས་ཤུགས་སྣོན་རྒྱག་པ། “ཐོན་སློབ་ཞིབ་གསུམ”ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་པ། རིགས་པའི་གཞུང་ལུགས་དང་། ལག་རྩལ། བྱེད་ཐབས་བཅས་གསར་པ་སྤྱོད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་བརྟག་དཔྱད་ཀྱི་གཞི་རྩ་བརྟན་དུ་གཏོང་བ་བཅས་བྱས་ནས་བརྟག་དཔྱད་གཏིང་ཟབ་ལ་ཚད་བརྒལ་ཆེན་པོ་ཡོང་བ་དང་། ཐོན་ཁུངས་ཀྱི་གཞི་གྲངས་མཐིལ་རྟོགས་དངོས་བྱེད་པ། ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྲིད་ཇུས་ཀྱི་གྲོས་འགོ་འདོན་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཆེད་འཐབ་ཇུས་ཐོན་ཁུངས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
ལི་མོང་གིས་གསུང་བཤད་ནང་བསྟན་དོན། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ལས་དོན་ལ་ཚན་རྩལ་པུས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དེ་རྒྱལ་ཁབ་ཚན་རྩལ་གྱི་རྨང་གཞིའི་ཐོན་ཁུངས་བརྟག་དཔྱད་ཀྱི་ཆེད་དམིགས་རྣམ་གྲངས་ནང་བཅུག་ཡོད། གོམ་སྟབས་རྗེས་མར་ཚན་རྩལ་པུས་ཚན་རིག་རྟོག་ཞིབ་ལས་དོན་གྱི་ཇུས་གཞི་གཞིར་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་གཞོན་པ་ལིའུ་ཧོ་ཡི་འབྲེལ་ཡོད་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཁག་སྒྲིག་འཛུགས་ལག་བསྟར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་གྲངས་གཞི་མཉམ་སྤྱོད་ལས་སྟེགས་བཙུགས་ནས་གྲུབ་འབྲས་གཞན་སྒྱུར་ནུས་ལྡན་ཡོང་བར་གང་མགྱོགས་སྐུལ་འདེད་གཏོང་རྒྱུ་རེད། ཚན་རིག་རྟོག་ཞིབ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཀྱང་མཐུན་སྦྱོར་ཞབས་ཞུའི་འགན་ལེན་ལས་དོན་རང་འགུལ་ངང་ཡག་པོ་བསྒྲུབས་ཏེ་ཐོན་ཁུངས་བརྟག་དཔྱད་གཏིང་ཟབ་བྱེད་པ་དང་། ལས་ཀའི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་བ། ཕན་འབྲས་སྔ་ཙམ་དང་མང་ཙམ་ཐོན་རྒྱུའི་བརྩོན་ལེན་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཚོ་བོད་ས་མཐོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན།