ཉེ་ཆར། རང་སྐྱོང་ལྗོངས་ནུས་རྒྱུ་གཙང་མའི་ཐོན་ལས་སྐུལ་འདེད་ཀྱི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཞུགས་པ་དང་གསུང་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་རེན་ཝུའེ་ཚོགས་འདུར་ཞུགས་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ནུས་རྒྱུའི་ཁེ་ལས་ཀྱི་འཐུས་མི་དང་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་རེད།
ཆེ་དགྲ་ལྷས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནུས་རྒྱུའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1066བཏང་བ་དང་། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1000ཟིན་པའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ། ལྗོངས་ནང་ཁུལ་གྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་ཕྱིན་པ་དང་ཆབས་ཅིག གློག་ཤུགས་ཕྱིར་གཏོང་མངོན་འགྱུར་བྱུང་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་འགྲོ་བར་ལས་ཀའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ལོ་འགོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“2021ལོར་ནུས་རྒྱུའི་ཐོན་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་235ལེགས་སྒྲུབ་བྱས་ཏེ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1300ཟིན་པའི་བརྩོན་ལེན་དང་། 2025ལོར་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2500ཡན་ཟིན་པའི”སྤྱིའི་དམིགས་ཚད་གསལ་སྟོན་བྱས་ཤིང་། དམིགས་ཚད་དང་ལས་འགན་སྔར་བས་ཞིབ་ཕྲ་བགོས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་། རྣམ་གྲངས་ཀྱི་མ་དངུལ་དང་། གློག་ཁུངས་སྒྲིག་སྦྱོར། གློག་དྲ་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད་བཅས་ལ་དམ་འཛིན་ཏན་ཏིག འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་འོད་གསབ་རེས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང་ཕྱིར་གཏོང་བགྲོད་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་བར་ཕན་པའི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་ཀྱིས་ནུས་རྒྱུ་གཙང་མའི་ནུས་རྒྱུའི་ཐོན་ཁུངས་ལ་སྤྱི་འདོམས་དོ་དམ་དང་། ནུས་རྒྱུའི་ཁེ་ལས་ཀྱི་འགན་འཁྲི་དང་རིམ་ཁག་སྡེ་ཚན་ཁག་གི་འགན་འཁྲི་ནན་དུ་གཏོང་བ། རྣམ་གྲངས་བཀོད་གཏོང་དང་ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་དཀའ་གནད་དང་འགག་གནད་སེལ་བ། སྲིད་ཇུས་ཀྱི་འགན་ལེན་ལེགས་སུ་གཏོང་བ། བསྡུ་སྒྲིལ་དང་སྐུལ་འདེད་ཤུགས་ཆེན། “བཟུང་བ་ལས་མི་སྤྱོད་པའི”རྣམ་པ་གཏན་འགོག་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པར”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་འདི་ལོའི་ཟླ་1པོ་ནས་4པ་བར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་སྙན་གསེང་ཉན་པ་མ་ཟད། ནུས་རྒྱུའི་ཁེ་ལས་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།