དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་75པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-27

    ཚེས་25ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་75པ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་དང་། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཐང་མིང་དབྱིང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་གན་རྒྱའི་དཔྱ་ཁྲལ་གྱི་ཞིབ་ཕྲའི་སྤྱད་འཐུས་ཁྲལ་ཚད་སོགས་འབྲེལ་ཡོད་དོན་གནད་སྐོར་གྱི་གཏན་འབེབས་འཆར་ཟིན་གྱི་གྲོས་ཞིབ་བསམ་འཆར་གྱི་སྙན་ཞུ་ཉན་པ་རེད། ཚོགས་འདུའི་ཐོག འཆར་ཟིན་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་དཔྱ་ཁྲལ་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་དེ་བས་ཡག་པོ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཚམ་པའི་ཁྲལ་བསྡུའི་ཁྲིམས་སྲོལ་དང་ལམ་ལུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། རང་ལྗོངས་ཀྱི་གན་རྒྱའི་དཔྱ་ཁྲལ་ཁྲིམས་ལྟར་བསྡུ་བར་འགན་ལེན། ཡོང་འབབ་བགོ་བཤའ་ལེགས་སྒྲིག་དང་ས་ཁང་ཐོན་ལས་ཁྲོམ་རའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཁྲལ་བསྡུའི་ནུས་པ་འདོན་པ་བཅས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་དགོས་ངེས་ཤིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ལས་ཐོག་ཉེས་གསོག་སྔོན་འགོག་ལས་དོན་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་དང《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》གྱི་ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ་ཉན་པ་རེད། 

    ཚོགས་འདུའི་ཐོག སྲིད་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་གཏོང་བར་གཞི་ཚུགས་ཏེ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)བཟོས་ནས། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལས་དོན་ཁྲིམས་སྐྱོང་ལམ་དུ་བཅུག་པ་དེས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཁྱབ་ཁོངས་སུ་རང་ལྗོངས་ལ་ས་གནས་ཀྱི་ཁྲིམས་འཛུགས་མེད་པའི་སྟོང་ཆ་བསྐངས་ཤིང་། དེ་སྲིད་འཛིན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ལས་ཁུངས་ཀྱིས་གཞུང་དྲང་དང་ཡ་རབས་ངང་ཁྲིམས་འཛིན་ནན་པོ་བྱེད་པར་ལྟ་སྐུལ་དང་འགན་སྲུང་། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་སྲུང་སྐྱོང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།

    ཚོགས་འདུའི་ཐོག《 བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》ཀྱི་ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2021ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། 《བོད་རང་སྐྱོང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་དོ་དམ་སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་བཅས་ཉན་པ་དང་། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་དང་སྤྱི་བསྒྲགས(མ་ཟིན)ལ་ཞིབ་འཇུག་བྱས་པ། ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་མི་དོན་དང་གོ་གནས་འཁུར་བའི་སྐོར་གྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།

    ཀྲུའུ་རེན་ཚོགས་འདུའི་ཐོག་གོང་གསལ་གྱི་འཆར་ཟིན་སོགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པར་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།