ཚེས་22ཉིན། བོད་རང་སྐྱོང་ལྗོངས་ཀྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་ཡུལ་དུ་སྐྱོད་པའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཏུའུ་ཅན་ཀུང་ཚོགས་འདུར་ཕེབས་ཡོད་པ་རེད།
རེན་ཝུའེ་ཡིས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་སྐབས་རང་ལྗོངས་ཀྱི་སློབ་གསོའི་གཞི་རྩའི་གནས་ཚུལ་དང་། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་ལས་དོན་སྤེལ་ཚུལ། དེ་བཞིན་རང་ལྗོངས་ཀྱིས་འདི་ལོ་རྫོང་དང་ཆུས་12ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་དོ་སྙོམས་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱ་ཆེད་བསྒྲུབ་རྒྱུའི་ལས་དོན་བཅས་ངོ་སྤྲོད་མདོར་བསྡུས་གནང་བ་མ་ཟད། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་རང་ལྗོངས་ཀྱི་སློབ་གསོར་རྩ་ཆེའི་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་འདོན་རྒྱུའི་ཐུགས་རེ་གནང་བ་དང་ཆབས་ཅིག་ད་ཐེངས་ཞིབ་བཤེར་བྱ་ཡུལ་རྫོང་དང་ཆུས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུ་དེ་རང་ལྗོངས་ཀྱི་འོས་འགན་སློབ་གསོ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གོ་སྐབས་སུ་བརྩིས་ནས། ཞིབ་བཤེར་ནན་ཏན་ངང་དང་ལེན་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱིས་སྙན་སེང་ཞུ་བ། རིགས་གཅིག་མཁས་ཅན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཡོངས་དང་ལེན་བྱེད་པ། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་དག་ཐེར་ཡོ་བསྲང་ཇུས་གཞི་བཟོ་བ། འགན་འཁྲི་ཁག་བགོས་ཁ་གསལ་བྱེད་པ། དུས་ཐོག་ཏུ་དག་ཐེར་དོན་འཁྱོལ་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་འཕེལ་རྒྱས་སྐོར་ལ་རྒྱལ་ཁབ་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་བདེ་བླག་ངང་ལེགས་གྲུབ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།