ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཐང་མིང་དབྱིང་བཅས་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན། བོད་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་ངག་དབང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
བཞུགས་མོལ་ཚོཌ་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲཌ་པུའུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ཁྲིམས་ལུགས་ཨུ་ལྷན། རང་སྐྱོང་ལྗོངས་མི་རིཌ་ལས་དོན་ཨུ་ལྷན། མངའ་རིས་ས་ཁུལ། བོད་ལྗོངས་ཞིང་འབྲོག་སློབ་གླིང་། བོད་ལྗོངས་ཨར་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ། བྱམས་པ་གླིང་དགོན། གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་ཚོགས་ཆུང་བཞི་པའི་གཡུ་སར་སྒང་གྲོང་ཚོ་སོགས་ཀྱི་འཐུས་མི་10ཡིས《སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གཅིག་སོང་ཚུན་གྱི་བྱ་ཐབས་གཙོ་བོ་དང་། ཁྱད་ཆོས་དང་བཀྲག་མདངས་འཚེར་ས། འཕེལ་རིམ་དང་ཕན་འབྲས། ཉམས་མྱོང་དང་མྱོང་ཚོར་སོགས་ལ་དམིགས་ནས་གཏམ་བཤད་སྤེལ་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་བརྒྱུད《སྲོལ་ཡིག》ལག་བསྟར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཞི་རྟེན་ནུས་ལྡན་དང་ལས་སྟེགས་ཤིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ནི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་དང《སྲོལ་ཡིག》ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་རེད། ཏང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཐུན་མོང་རང་བཞིན་ལ་བརྩི་འཇོག་དང་ཁྱད་པར་རང་བཞིན་ལ་ཁོག་ཡངས་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་དོན་སྒྲུབ་པ། མཉམ་དུ་སྤྲོ་སྣང་འཕེལ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་གཏོད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་སློབ་གསོར་ཤུགས་སྣོན། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་རྣམ་པར་ངོས་འཛིན་ཡང་དག མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན། མི་རིགས་ལས་དོན་ལ་ཁྲིམས་ལྟར་བཅོས་སྐྱོང་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།