རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དང་། གཙུག་ལག་ཁང་། བར་སྐོར་ཁྲོམ་གཞུང་སོགས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་བརྟག་ཞིབ་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
མཚན་གང་ཆར་པ་སིམ་སིམ་བབས་པས། གནའ་གྲོང་ལྷ་སའི་མཁའ་རླུང་དྭངས་ཤིང་གཙང་བ་དང་སྲང་ལམ་ཆེ་ཆུང་གང་སར་རྣམ་པ་གསར་རྐྱང་ཞིག་མངོན་ཡོད། “ཁྱེད་ཚོ་གང་ནས་ཡིན་ནམ། ལོ་ག་ཚོད་ཡིན་ནམ། འཚོ་བ་གང་འདྲ་འདུག་གམ”ཞེས་ཀྲོང་ཡན་དང་ཡན་ཅིན་ཧའེ་ཡིས་མི་རིགས་ཁག་གི་མང་ཚོགས་ཀྱི་མདུན་དུ་ཕེབས་ནས་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། ཕོ་བྲང་པོ་ཏ་ལའི་བྱང་ངོས་ཀྱི་ལམ་ཆུང་ཐོག་ལོ་86ལ་སླེབས་པའི་བགྲེས་སོང་ལྷུན་གྲུབ་ཀྱིས་ཀྲོང་ཡན་ལ། “ཏང་གི་སྲིད་ཇུས་བཟང་པོའི་འོག ཕྲུ་གུར་ལས་ཀ་བརྟན་པོ་ཡོད་པ་དང་ཁྱིམ་ཚང་ལ་ཡོང་འབབ་བརྟན་པོ་ཡོད་པས་ང་ཚོའི་ཚེ་མཇུག་གི་འཚོ་བ་ཧ་ཅང་སྐྱིད་པོ་འདུག
ད་རེས་གཞིས་རྩེ་ནས་ལྷ་སར་ཡོང་དོན་ནི་བཟའ་ཟླ་དང་མཉམ་དུ་ལྷ་ས་སྐོར་ཙམ་བྱེད་པ་དེ་ཡིན”ཞེས་ཞུས་པས། ཀྲོང་ཡན་ཐུགས་ཧ་ཅང་དགྱེས་པོ་བྱུང་ནས་རྒན་རྒོན་གཉིས་གཟུགས་གཞི་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
དབྱར་འགོའི་དུས་སུ་གངས་ལྗོངས་ས་མཐོའི་རི་ཀླུང་དང་ལུང་ཤུར་ཚང་མ་རྩྭ་རྩི་ཤིང་གིས་བརྒྱན་ནས་སྔོ་ཐིང་ཐིང་དུ་གྱུར་པ་དང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཉིན་རེ་ལས་མ་འདས་པར་མང་དུ་སོང་ཡོད། ཀྲོང་ཡན་གྱིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལ་གོ་ལ་ཧྲིལ་པོའི་རིམས་ནད་ལ་འགྱུར་ལྡོག་འགྲོ་བ་དང་བོད་དུ་ཡུལ་སྐོར་བ་མང་བའི་དུས་ཚོད་སླེབས་པ་དང་ཆབས་ཅིག་རང་ལྗོངས་ཀྱི“རིམས་ནད་ཕྱི་ནས་མི་འགོ་བ་བྱེད་པའི”གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་ཤུགས་སྣོན་རྒྱག་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། རིམས་ནད་ཕྱི་ནས་མི་འགོ་བ་མུ་མཐུད་གནས་བབ་ཨང་དང་པོར་འཇོག་པ་དང་། དོ་དམ་ནན་པོ་དང་སེམས་རྩ་འཁོལ་བའི་ཞབས་འདེགས་ཟུང་འབྲེལ་མཐའ་འཁྱོངས། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གནད་སྨིན་ཡག་པོ་སྒྲུབ་པ། རིམས་ནད་ཁྱབ་སྲིད་པའི་ཞན་ཆ་ཚང་མ་སེལ་བ་བཅས་བྱས་ནས་ལས་སླ་པོར་བྱུང་བ་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས། ཡུལ་སྐོར་ཁྲོམ་རའི་ལྟ་འདོམས་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ཞབས་འདེགས་ཀྱི་སྤུས་ཚད་དང་། ཡུལ་སྐོར་གྱི་སྤུས་རྟགས། སྤྱི་པའི་ཞབས་འདེགས་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཡུལ་སྐོར་བ་དགའ་སྤྲོའི་ངང་ཡོང་བ་དང་བློ་ཡིད་ཚིམ་པའི་ངང་ལོག་ཐུབ་པར་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།
གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་གནས་ཚུལ་ལ་རྟོག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་གཙུག་ལག་ཁང་སོགས་གནའ་བོའི་ཁང་པའི་རིག་དངོས་ནི་བོད་སྔར་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་དཔང་རྟགས་ཁུངས་བཙན་ཞིག་རེད་ལ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཅས་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཀྱང་རེད། རིག་དངོས་འདི་དག་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་གཏོང་བ་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། དོན་སྙིང་གལ་ཆེན་ལྡན་ཡོད། “སྲུང་སྐྱོང་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རིག་དངོས་ཚན་པ་དང་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་སྤྱི་པའི་ཞབས་འདེགས་དང་བདེ་འཇགས་དོ་དམ་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“རིག་དངོས་ལ་གསོན་ཤུགས་འཕེལ་བའི”ལས་དོན་ཡག་པོ་བསྒྲུབས་ཏེ་རིག་དངོས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་མང་བ་འཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།