དབུ་ཤོག>སྲིད་དོན།
  • གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-21

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2020]ཨང་11པ།

    《གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》འདི་2020ལོའི་ཟླ་11ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2021ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པས་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2020ལོའི་ཟླ་12པའི་ཚེས་1ལ།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། འཁྲི་འགན་དང་འོས་འགན།

    ལེའུ་གསུམ་པ། དྲིལ་བསྒྲགས་སློབ་གསོ།

    ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་ལྔ་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་བྱས་ཐོག གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་གསང་མྱུལ་གྱི་བྱེད་སྤྱོད་དང་ཆོས་ལུགས་བེད་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། མི་རིགས་དབར་འགལ་ཟླ་བཟོ་བ། མི་རིགས་ཁ་ཕྲལ་གཏོང་རྒྱུར་ངན་སྐུལ་བྱེད་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཉེན་ཟོན་དང་བཀག་འགོག་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《གསང་མྱུལ་ལ་འགོག་རྒོལ་བྱེད་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《གསང་མྱུལ་ལ་འགོག་རྒོལ་བྱེད་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན། 

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་སྤེལ་བར་སྲོལ་ཡིག་འདི་སྤྱད་ན་འཐུས། 

    སྲོལ་ཡིག་འདིའི་ནང་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ཞེས་པ་ནི་རིམ་ཁག་ཏང་ཨུད་དང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག རྒྱལ་སྲུང་དམངས་རགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་གཞན་དག་བཅས་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་གསང་མྱུལ་གྱི་བྱེད་སྤྱོད་དང་ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་དང་། མི་རིགས་དབར་འགལ་ཟླ་བཟོ་བ། མི་རིགས་ཁ་ཕྲལ་གཏོང་རྒྱུར་ངན་སྐུལ་བྱེད་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་གཞན་དག་སྤེལ་བར་ཉེན་ཟོན་དང་བཀག་འགོག་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇཌ་ལ་སྲུང་སྐྱོང་བྱེད་པའི་བྱེད་སྒོར་ཟེར། 

    དོན་ཚན་གསུམ་པ། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་སྤེལ་སྐབས་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་སྐུལ་སྤེལ་གཏོང་བ། སྡེ་ཚན་གྱིས་མཉམ་དུ་སྒྲུབ་པ། སྤྱི་ཚོགས་ཀྱིས་ཞུགས་པ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། ཆེད་གཉེར་ལས་དོན་དང་མང་ཚོགས་ལམ་ཕྱོགས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། དེ་བཞིན་སྔོན་འགོག་གཙོ་བཟུང་དང་ཕྱི་ནང་མཉམ་བཅོས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

    གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་དེ་ངེས་པར་དུ་ཁྲིམས་བཞིན་སྤེལ་ནས་མིའི་དབང་ཆར་བརྩི་འཇོག་དང་འགན་སྲུང་བྱེད་དགོས་པ་དང་། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། 

    དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀའི་ཁྲོད་ཀྱི་གལ་ཆེའི་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང་། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀའི་དགོས་ངེས་ཀྱི་གྲོན་དངུལ་འགན་སྲུང་བྱེད་དགོས།

    དོན་ཚན་ལྔ་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ནི་གསང་མྱུལ་ལ་འགོག་རྒོལ་བྱེད་པའི་ལས་ཀའི་གཙོ་འགན་འཁུར་མཁན་ལས་ཁུངས་ཤིག་ཡིན་པས། སྲིད་འཛིན་ས་ཁོངས་དེ་གའི་ནང་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ལ་ཁྲིམས་བཞིན་མཐུན་སྦྱོར་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་འགན་འཁུར་དགོས། 

    དོན་ཚན་དྲུག་པ། སྤྱི་བདེ་དང་གསང་སྲུང་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཁྲི་འགན་གྱི་ལས་བགོས་གཞིར་བཟུང་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ལ་གཞོགས་འདེགས་དམ་ཟབ་བྱས་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ཁྲིམས་བཞིན་ཡག་པོ་སྒྲུབ་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་འཁྲིའི་འགན་ཁོངས་སུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། 

    དོན་ཚན་བདུན་པ། ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་བྱ་ཐབས་དོན་འཁྱོལ་དང་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་འོས་འགན་སྒྲུབ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་དབང་བཅས་ལ་སྲུང་སྐྱོང་བྱེད་རྒྱུའི་འོས་འགན་སྤྱི་དམངས་ལ་ཡོད་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཡོད་མི་ཆོག

    དོན་ཚན་བརྒྱད་པ། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀའི་ཁྲོད་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་གཞན་དག དེ་བཞིན་མི་སྒེར་བཅས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ། 

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུ་དེ་དམག་དམངས་མཉམ་འདྲེས་ཐོག་གོང་འཕེལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་དང་། སྤྱི་ཚོགས་ཞབས་ཞུ་དང་འགན་སྲུང་གཅིག་གྱུར་འཆར་འགོད། དམག་དཔུང་དང་ས་གནས་ཀྱི་སྤྱི་པའི་བདེ་འཇགས་མཉམ་ལས། མཐའ་སྲུང་དམངས་སྲུང་མཉམ་འདྲེས་འཛུགས་སྐྲུན་བཅས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས།

    ལེའུ་གཉིས་པ། འཁྲི་འགན་དང་འོས་འགན།

    དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་དེ་དུས་བདེ་འཛུགས་སྐྱོང་ལ་དཔྱད་ཞིབ་བྱེད་པའི་ནང་དོན་ཁོངས་སུ་བཅུག་སྟེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྡེ་ཚན་ཁག་དང་འོག་རིམ་མི་དམངས་སྲིད་གཞུང་སྒྲིག་འཛུགས་བྱས་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས།

    རྫོང(ཆུད)མི་དམངས་སྲིད་གཞུང་གིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་དེ་དྲ་མིག་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ནང་བཅུག་སྟེ། དྲ་མིག་ཅན་གྱི་དོ་དམ་བྱེད་མཁན་མི་སྣས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་ཐད་ཀྱི་དྲིལ་བསྒྲགས་སློབ་གསོ་དང་། ཆ་འཕྲིན་བསྡུ་རུབ། མངོན་མེད་རྐྱེན་རྩ་རྩད་བཤེར། ཁུངས་སྣེའི་སྙན་ཞུ། མཐུན་སྦྱོར་གཞོགས་འདེགས་སོགས་བྱེད་པའི་ལས་ཀའི་འཁྲི་འགན་ཁ་གསལ་བཟོས་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་དང་བླང་བྱ་དོན་འཁྱོལ་བྱེད་དགོས། 

    ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་དེ་དྲ་མིག་ཅན་གྱི་དོ་དམ་ནང་བཅུག་སྟེ། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་ནས་མང་ཚོགས་རང་བཞིན་གྱི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་བར་མཛུབ་ཁྲིད་བྱེད་དགོས། 

    དོན་ཚན་བཅུ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཐའ་མཚམས་ཀྱི་རྒྱལ་སྲུང་དམངས་རགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། མཉམ་འགོག་མཉམ་བཅོས་བྱེད་པ། གཟེངས་བསྟོད་བྱ་དགའ་སྤྲོད་པ་སོགས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། 

    རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཐའ་མཚམས་མི་སྣའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་དམངས་ཀྱི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས། རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས། གསང་སྲུང་གི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས་པ་དང་། འབྲེལ་ཡོད་ཚན་པ་དང་མཐའ་མཚམས་མི་སྣས་དོགས་གཞི་ཡོད་པའི་གསང་མྱུལ་བྱེད་སྤྱོད་ཀྱི་ཆ་འཕྲིན་དང་ཁུངས་སྣེ་ཤེས་རྟོགས་བྱེད་དགོས་པ་མ་ཟད་སྙན་སེང་ཞུས་ནས་གསང་མྱུལ་གྱི་བྱེད་སྤྱོད་ཉེན་ཟོན་དང་བཀག་འགོག་བྱེད་པར་གཞོགས་འདེགས་བྱེད་དགོས་པའི་སྐུལ་ལྕག་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། 

    དོན་ཚན་བཅུ་གཉིས་པ། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ཁྲོད་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཁྲིམས་བཞིན་གཤམ་གསལ་འཁྲི་འགན་ཁག་སྒྲུབ་དགོས་པ་སྟེ། 

    (གཅིག)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་གྱི་མཛུབ་ཁྲིད་ཚད་གཞི་བཟོ་དགོས་པ་དང་། 

    (གཉིས)རྒྱལ་སྲུང་དམངས་རགས་ཀྱི་རྩ་འཛུགས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་དང་མཛུབ་ཁྲིད་བྱེད་དགོས་པ།

    (གསུམ)འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་དང་མཛུབ་ཁྲིད་བྱས་ནས་གཏོགས་ཁོངས་དེ་ག་དང་། ཁྱབ་ཁོངས་དེ་གས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་འོས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པ།

    (བཞི)ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ནས་སྲོལ་ཡིག་འདིའི་དོན་ཚན་བཅུ་གསུམ་པའི་ནང་གཏན་འབེབས་བྱས་པའི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འོས་འགན་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་པ། 

    (ལྔ)གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཚན་དང་མཉམ་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་པའི་མིང་གཞུང་བཟོས་ཐོག གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་མཁན་གཙོ་གནད་ཚན་པས་སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་ནང་གཏན་འབེབས་བྱས་པའི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འོས་འགན་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས་པ། 

    (དྲུག)འབྲེལ་ཡོད་སྡེ་ཚན་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ཐད་ཆེད་ལས་ཐོག་ནས་རྒྱབ་སྐྱོར་བྱེད་དགོས་པ། 

    (བདུན)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀར་ཁྲིམས་བཞིན་ཞིབ་བཤེར་དང་ལག་རྩལ་ཞིབ་དཔྱད་ཚན་ལེན་བྱས་ཏེ། འབྲེལ་ཡོད་ཚན་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས་པ། 

    (བརྒྱད)འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། གསང་མྱུལ་གྱིས་གསང་བ་རྐུ་ཁྱེར་བྱེད་པའི་ཉེན་ཁ་སོགས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པ། 

    (དགུ)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ། 

    (བཅུ)འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ཆ་འཕྲིན་བརྡ་ཁྱབ་དང་ཁྲིམས་སྒྱུར་མཉམ་སྒྲུབ་བྱེད་ལམ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། ཆ་འཕྲིན་མཉམ་སྐྲུན་མཉམ་སྤྱོད་དང་། ལག་རྩལ་རྒྱབ་སྐྱོར། ལས་དོན་མཉམ་གྲོས། མཉམ་འབྲེལ་ལྟ་བཤེར་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། 

    (བཅུ་གཅིག)ཁྲིམས་བཞིན་སྒྲུབ་དགོས་པའི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འཁྲི་འགན་གཞན་དག་བཅས་སོ།

    དོན་ཚན་བཅུ་གསུམ་པ། ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འོས་འགན་སྒྲུབ་དགོས་པ་གཤམ་གསལ་སྟེ།

    (གཅིག)རྒྱལ་སྲུང་དམངས་རགས་ཀྱི་རྩ་འཛུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་འབྲེལ་གཏུག་ལས་ཁུངས་དང་མི་སྣ་གཏན་འཁེལ་ཁ་གསལ་བཟོ་དགོས་ཤིང་། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་དང་།

    (གཉིས)ཕྱི་འབྲེལ་དང་གསང་འབྲེལ་གྱི་དོན་གནད་དང་། གསང་འབྲེལ་གྱི་ལས་གནས་དང་མི་སྣ་བཅས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱི་འབྲེལ་དང་གསང་འབྲེལ་གྱི་མི་སྣར་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་སྦྱོང་བརྡར་དང་ཡིག་རྒྱུགས་སྤྲོས་དགོས་ཤིང་། གསང་འབྲེལ་མི་སྣ་སྒྲིག་འཛུགས་བྱས་ནས་བདེ་འཇགས་གསང་སྲུང་གི་འགན་འཁྲིའི་ཡི་གེ་འཇོག་དགོས་པ།

    (གསུམ)ཕྱི་ཕྱོགས་ལ་སྤེལ་རེས་དང་མཉམ་ལས་བྱེད་པའི་ཁྲོད་ཀྱི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་འབྲེལ་ཡོད་བྱ་ཐབས་བཟོ་རྒྱུ་མ་ཟད་དོན་འཁྱོལ་བྱེད་དགོས་པ།

    (བཞི)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་ཀར་དུས་བཀག་ལྟར་རང་བཤེར་བྱས་ནས་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གཙང་སེལ་བྱེད་དགོས་པ།

    (ལྔ)གཞུང་དོན་དུ་རྒྱལ་ཁབ(མཐའ་མཚམས)གྲོལ་ནས་འགྲོ་མཁན་གྱི་ཚོགས་པ་དང་མི་སྣར་མ་ཕྱིན་གོང་གི་སློབ་གསོ་སྤེལ་དགོས་པ་དང་། རྒྱལ་ཁབ་ཏུ་ལོག་པ་དང་ཡུན་རིང་ཕྱི་སྡོད་བྱེད་མཁན་ལ་སློབ་གསོ་དང་དོ་དམ་བྱེད་པའི་ལས་དོན་སྤེལ་དགོས་པ།

    (དྲུག)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་ཚན་པ་དེ་གའི་མི་སྣའི་ཉེན་ཟོན་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས་པ། 

    (བདུན)དྲ་ཐོག་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ།

    (བརྒྱད)སྐྱེ་དངོས་དང་། སྐྱེ་ཁམས། ཐོན་ཁུངས། ནུས་རྒྱུ་སོགས་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་སུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ།

    (དགུ)རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ཁྲིམས་བཞིན་ལས་དོན་སྤེལ་དགོས་པ།

    (བཅུ)ངེས་པར་དུ་སྒྲུབ་དགོས་པའི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འོས་འགན་གཞན་དག་བཅས་སོ།

    སློབ་གསོ་དང་། ཚན་རྩལ། རང་བྱུང་ཐོན་ཁུངས། ཚོང་དོན། ཡུལ་སྐོར། ཕྱི་དོན། ཆོས་ལུགས། འཕྲིན་གཏོང་དོ་དམ་སོགས་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་དོན་ཚན་འདིའི་ནང་གསེས་དང་པོའི་གཏན་འབེབས་ནང་འཁོད་པའི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འོས་འགན་སྒྲུབ་དགོས་པ་ཕུད། ད་དུང་གཏོགས་ཁོངས་དེ་ག་དང་ཁྱབ་ཁོངས་དེ་གའི་ཁྱད་ཆོས་ལ་གཞིགས་ནས་གཏོགས་ཁོངས་དེ་ག་དང་ཁྱབ་ཁོངས་དེ་གའི་ཚན་པས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་སྤེལ་བར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས། 

    ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་བཅད་འཐུས་ཚབ་པའམ་ཡང་ན་གཙོ་འགན་འཁུར་མཁན་གྱིས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་ཚན་པ་དེ་གའི་ལས་དོན་ལ་ཕྱོགས་ཡོངས་ནས་འགན་འཁུར་དགོས།

    དོན་ཚན་བཅུ་བཞི་པ། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་པའི་མིང་གཞུང་ནང་བཅུག་པའི་གཙོ་གནད་ལས་ཁུངས་དང་། དཔལ་འབྱོར་དངུལ་རྩའི་སྡེ་ཚན། མཐོ་རིམ་སློབ་གླིང་། མཐའ་མཚམས་ཚན་པ། དེ་བཞིན་རྒྱལ་ཁབ་ཀྱི་གསང་འབྲེལ་ལས་སྒོ་གཉེར་མཁན་ཚན་པ་བཅས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་བཅུ་གསུམ་པའི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་ཕུད། ད་དུང་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་འོས་འགན་སྒྲུབ་དགོས་པ་གཤམ་གསལ་ཏེ། 

    (གཅིག)ཕྱི་འབྲེལ་དང་གསང་འབྲེལ་གྱི་མི་སྣའི་གལ་ཆེའི་དོན་གནད་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ་ཕྱི་འབྲེལ་དང་གསང་འབྲེལ་གྱི་མི་སྣའི་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཐོ་འགོད་བྱེད་དགོས་པ་མ་ཟད་གཞི་གྲངས་ཀྱི་ཆ་འཕྲིན་ལ་འགྱུར་ལྡན་དོ་དམ་བྱེད་དགོས་པ་དང་།

    (གཉིས)གསང་འབྲེལ་ལས་གནས་ཐོག་བསྡུ་འཇུག་གམ་ལེགས་སྒྲིག་བྱེད་རྩིས་ཡོད་པའི་མི་སྣར་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ཐད་ཞིབ་བཤེར་བྱེད་དགོས་པ། 

    (གསུམ)གནས་བྲལ་ལས་བྲལ་གྱི་གསང་འབྲེལ་མི་སྣར་དོ་དམ་བྱེད་པའི་ལས་དོན་དོན་འཁྱོལ་བྱས་ཏེ་དུས་བཀག་ལྟར་གམ་དུ་བཅར་ནས་དེས་གསང་སྲུང་འགན་འཁྲི་དང་འོས་འགན་མུ་མཐུད་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ། 

    (བཞི)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་སྒྲིག་བཀོད་དང་སྒྲིག་ཆས་བགོ་སྒྲིག་བྱས་ནས་གསང་མྱུལ་ལ་འགོག་རྒོལ་བྱེད་པའི་ཐད་ལག་རྩལ་གྱི་ཐོག་ནས་ཉེན་ཟོན་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ་བཅས་སོ།

    དོན་ཚན་བཅོ་ལྔ་པ། སྤྱི་དམངས་ཀྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་འོས་འགན་སྒྲུབ་དགོས་པ་གཤམ་གསལ་ཏེ། 

    (གཅིག)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་།

    (གཉིས)རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་ལ་འགོག་རྒོལ་བྱེད་པའི་ལས་དོན་ཁྲིམས་བཞིན་སྤེལ་རྒྱུར་སྟབས་བདེ་བསྐྲུན་དགོས་པའམ་ཡང་ན་གཞོགས་འདེཌ་གཞན་དག་བྱེད་དགོས་པ། 

    (གསུམ)རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་གྱི་འབྲེལ་ཡོད་བྱེད་སྤྱོད་ལ་བརྟག་དཔྱད་དང་ཤེས་རྟོགས་བྱེད་པ་དང་འབྲེལ་ཡོད་དཔང་རྟགས་བསྡུ་རུབ་བྱེད་སྐབས། ངེས་པར་དུ་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ།

    (བཞི)གསང་མྱུལ་ལ་འགོག་རྒོལ་བྱེད་པའི་འབྲེལ་ཡོད་ལས་དོན་སྤེལ་སྐབས་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་སྲུང་དགོས་པ།

    (ལྔ)གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་སློབ་གསོ་དང་ལེན་ཞུ་དགོས་པ།

    (དྲུག)ངེས་པར་དུ་སྒྲུབ་དགོས་པའི་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འོས་འགན་གཞན་དག་བཅས་སོ།

    དོན་ཚན་བཅུ་དྲུག་པ། སྤྱི་དམངས་ཀྱིས་གསང་མྱུལ་ལ་འགོག་རྒོལ་བྱེད་པའི་ལས་དོན་ལ་རོགས་རམ་བྱས་རྐྱེན། རང་ཉིད་དམ་ཡང་ན་སོ་སའི་གཉེན་ཉེའི་མི་ལུས་བདེ་འཇགས་ལ་ཉེན་ཁ་འཕྲད་ཚེ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ལ་སྲུང་སྐྱོབ་བྱེད་རེ་ཞུས་ཆོག རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་བཞིན་སྲུང་སྐྱོབ་བྱ་ཐབས་སྤྱོད་དགོས། 

    སྤྱི་དམངས་དང་རྩ་འཛུགས་ཀྱིས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་རྐྱེན་རྒྱུ་ནོར་ཐད་གྱོང་གུན་ཕོག་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གུན་གསབ་སྤྲོད་དགོས་པ་དང་། མི་ལུས་ལ་གནོད་འཚེ་བཟོས་པའམ་ཡང་ན་ཚེ་སྲོག་ཤོར་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གོད་སོས་གཟིགས་སྐྱོང་བྱེད་དགོས། 

    དོན་ཚན་བཅུ་བདུན་པ། མི་སུ་འདྲ་ཞིག་དང་རྩ་འཛུགས་གང་རུང་ཞིག་གིས་རྒྱལ་ཁབ་ཀྱི་གསང་དོན་ཁོངས་སུ་གཏོགས་པའི་ཡིག་ཆ་དང་། དཔྱད་ཡིག དངོས་རྫས་གཞན་དག་བཅས་ཁྲིམས་འགལ་གྱིས་བདག་བཟུང་བྱེད་མི་ཆོག་ལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་གསང་མྱུལ་གྱི་ཆེད་སྤྱོད་ཡོ་བྱད་ཁྲིམས་འགལ་གྱིས་བཟུང་སྤྱོད་ཀྱང་བྱེད་མི་ཆོག  

    རྒྱལ་ཁབ་ཀྱི་གསང་དོན་ཁོང་དུ་ཆུད་མཁན་གྱི་རྒྱལ་ཁབ་ཀྱི་ལས་བྱས་ངེས་པར་དུ་གཏན་འབེབས་ལྟར་མི་སྒེར་གྱིས་ཉར་བའི་རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས་པའི་ཡིག་ཆ་དང་། དཔྱད་གཞི། དངོས་ཟོག་གཞན་དག་བཅས་ཀྱི་གནས་ཚུལ་དང་། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་གནད་སྙན་སེང་ཞུ་དགོས།

    དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་ཐེར་འདོན་ཁ་པར་12339དང་ཐེར་འདོན་བདག་སྤྲོད་ལས་སྟེགས་སོགས་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ནས། མི་སྒེར་དང་རྩ་འཛུགས་ཀྱིས་གསང་མྱུལ་གྱི་བྱེད་སྤྱོད་ཐེར་འདོན་བྱས་རིགས་དང་ལེན་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

    སྤྱི་དམངས་དང་རྩ་འཛུགས་ཀྱིས་གསང་མྱུལ་བྱེད་སྤྱོད་དམ་ཡང་ན་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་རྒྱལ་ཁབ་བདེ་སྲུང་ལས་ཁུངས་སམ་ཡང་ན་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་སྙན་ཞུ་འབྱོར་རྗེས་ངེས་པར་དུ་ལམ་སེང་རྒྱལ་ཁབ་བདེ་སྲུང་ལས་ཁུངས་སུ་ཐག་གཅོད་བྱེད་རྒྱུར་སྐྱེལ་དགོས།

    རྒྱལ་ཁབ་བདེ་སྲུང་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་གཞན་དག་གིས་ངེས་པར་དུ་སྙན་སེང་ཞུ་མཁན་གྱི་གསང་བ་ནན་པོ་བསྲུངས་ནས་སྙན་སེང་ཞུ་མཁན་གྱི་ལུས་རྟེན་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། སྙན་སེང་ཞུ་མཁན་གྱི་མོས་མཐུན་མ་ཐོབ་པར་བྱ་ཐབས་གང་རུང་གི་ཐོག་ནས་དེའི་སྒེར་གྱི་ཆ་འཕྲིན་དང་འབྲེལ་ཡོད་གནས་ཚུལ་ཡོངས་བསྒྲགས་སམ་ཡང་ན་ཕྱིར་གྱར་བྱེད་མི་ཆོག

    དོན་ཚན་བཅུ་དགུ་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱི་ལས་ཀའི་དགོས་མཁོ་གཞིར་བཟུང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མཐའ་སྲུང་ཞིབ་བཤེར་དང་འགག་སྒོ་སོགས་ཞིབ་བཤེར་ལས་ཁུངས་ནས་འབྲེལ་ཡོད་མི་སྣ་དང་། དཔྱད་གཞི། ཡོ་བྱད་བཅས་ལ་ཞིབ་བཤེར་བྱེད་མི་དགོས་པའི་རེ་ཞུ་བྱས་ཆོག་པ་དང་། འབྲེལ་ཡོད་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་རོགས་རམ་བྱེད་དགོས།

    རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཛ་དྲག་གི་ལས་འགན་ཁྲིམས་བཞིན་སྒྲུབ་སྐབས། དེ་མཚུངས་ཀྱི་ལག་ཁྱེར་རམ་ཡང་ན་རྒྱལ་ཁབ་བདེ་འཇགས་པུའུ་ནས་བཟོ་འགྲེམས་བྱས་པའི་དམིགས་བསལ་ཤར་སྐྱོད་ཆོག་པའི་མཚོན་རྟགས་བཏོན་ནས་མི་དེ་དང་དེ་བསྡད་པའི་རླངས་འཁོར་ཤར་སྐྱོད་སྟབས་བདེ་ཡོང་བ་བྱས་ཆོག

    དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་ཚོད་སྐོར་བྱས་ཐོག རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་གཞིར་བཟུང་། འབྲེལ་ཡོད་ཚན་པ་དང་མཉམ་དུ་གཏན་འབེབས་ལྟར་བདེ་འཇགས་ཚོད་འཛིན་ཁུལ་ཁོངས་དབྱེ་མཚམས་གཅོད་དགོས་པ་མ་ཟད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཁོངས་བར་སྟོངས་ཀྱི་འཆར་འགོད་བཟོ་སྐབས། ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ནས། བདེ་འཇགས་ཚོད་འཛིན་ཁུལ་ཁོངས་དང་འབྲེལ་བ་ཡོད་རིགས་ལ་ངེས་པར་དུ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་དང་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

    རྒྱལ་ཁབ་ཀྱི་བདེ་འཇགས་དོན་གནད་དང་འབྲེལ་བ་ཡོད་པའི་འཛུགས་སྐྲུན་རྣམ་གྲངས་ལ་ངེས་པར་དུ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ནས་ཁྲིམས་བཞིན་འཐུས་མིན་བཀའ་འཁྲོལ་དང་ལྟ་སྡོམ་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཁྲིམས་བཞིན་དཔྱད་བཤེར་ཐུབ་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཡོད་པའི་གློག་རྡུལ་འཕྲིན་གཏོང་གི་ལག་ཆ་དང་ཡོ་བྱད་སོགས་སྒྲིག་ཆས་དང་སྒྲིག་བཀོད་རིགས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་གཏན་འཁེལ་གྱི་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་འཇུག་དགོས་པ་དང་། བཅོས་སྒྲིག་མི་བྱེད་པའམ་ཡང་ན་བཅོས་སྒྲིག་བྱས་ཀྱང་ད་དུང་བླང་བྱ་དང་མ་མཐུན་པའི་རིགས་སྒོ་ཐེལ་རྒྱག་པའམ་ཡང་ན་བཙན་ཉར་བྱས་ཆོག

    ནང་གསེས་གོང་མའི་གཏན་འབེབས་ལྟར་སྒོ་ཐེལ་བརྒྱབ་པ་དང་བཙན་ཉར་བྱས་པའི་སྒྲིག་ཆས་དང་སྒྲིག་བཀོད་རིགས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཡོད་པའི་གནས་ཚུལ་གཙང་སེལ་བཟོས་རྗེས། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་བཞིན་དེ་སྒོ་ཐེལ་དགྲོལ་བའམ་ཡང་ན་བཙན་ཉར་བྱས་པའི་དངོས་རིགས་ཕྱིར་སྤྲོད་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དོན་གནད་དང་འབྲེལ་བ་ཡོད་པའི་དྲ་རྒྱར་ལག་རྩལ་ཞིབ་བཤེར་དང་ལྟ་དཔྱད་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲ་རྒྱ་གཉེར་མཁན་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་འོས་འགན་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། 

    དྲ་རྒྱ་གཉེར་མཁན་གྱིས་ངེས་པར་དུ་བདེ་འཇགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་བདེ་སྲུང་ཉེན་ཟོན་གྱི་ལག་རྩལ་བྱ་ཐབས་དོན་འཁྱོལ་བྱས་ཏེ་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་རིགས་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་འཕྲལ་མར་བརྒྱུད་གཏོང་བྱེད་མཚམས་འཇོག་དགོས་པ་དང་། འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱས་ནས་རྒྱལ་ཁབ་བདེ་སྲུང་ལས་ཁུངས་སམ་ཡང་ན་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་མ་ཟད། རྒྱལ་ཁབ་བདེ་སྲུང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ནས་ལས་དོན་སྤེལ་བར་ལག་རྩལ་ཐོག་ནས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

    ལེའུ་གསུམ་པ། དྲིལ་བསྒྲགས་སློབ་གསོ།

    དོན་ཚན་ཉེར་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྟེ་ཟླ་4ཚེས་15ཉིན་དང་། 《གསང་མྱུལ་ལ་འགོག་རྒོལ་བྱེད་རྒྱུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱེད་པའི་ཉིན་མོ་སྟེ་ཟླ་11ཚེས་1ཉིན་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག དེ་བཞིན་སྤྱི་དམངས་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

    གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་མང་ཚོགས་རང་བཞིན་གྱི་སློབ་གསོའི་ལས་དོན་སྤེལ་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་རྒྱུན་མཁོའི་ཤེས་བྱ་ཁྱབ་གདལ་གཏོང་དགོས།

    དོན་ཚན་ཉེར་བཞི་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་དྲིལ་བསྒྲགས་ལག་དེབ་དང་། དྲིལ་བསྒྲགས་པར་རིས། དྲིལ་བསྒྲགས་གློག་བརྙན་པར་གཞི་སོགས་བཟོས་ནས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་དང་ཉེན་ཁ་འགོག་ཟོན་གྱི་རྒྱུན་མཁོའི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས།

    འབྲེལ་ཡོད་གཙོ་འགན་སྡེ་ཚན་ཁག་གིས་ངེས་པར་དུ་རང་སོ་སོའི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཁོངས་གཏོགས་དེ་ག་དང་ཁྱབ་ཁོངས་དེ་གའི་ཚན་པས་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་སློབ་གསོའི་ལས་དོན་སྤེལ་བར་མཛུབ་ཁྲིད་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ཤེས་བྱ་རྣམས་སློབ་གྲྭས་སློབ་གསོ་དང་སློབ་ཁྲིད་ཀྱི་ནང་དོན་ཁོངས་སུ་འཇུག་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། རྒྱལ་ཁབ(མཐའ་མཚམས)གྲོལ་ནས་སློབ་སྦྱོང་དང་སྤེལ་རེས་ལ་ཞུགས་མཁན་དགེ་རྒན་དང་སློབ་མར་སློབ་གྲྭས་ངེས་པར་དུ་ཕྱིར་མ་ཐོན་གོང་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་རྒྱུའི་སློབ་གསོ་སྤེལ་དགོས།

    དོན་ཚན་ཉེར་དྲུག་པ། གཞུང་ལས་པའི་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་ཤེས་བྱ་རྣམས་གཞུང་ལས་པའི་སྦྱོང་བརྡར་དང་སློབ་གསོའི་ནང་དོན་གྱི་ཁོངས་སུ་འཇུག་དགོས། རྒྱལ་ཁབ་ཀྱི་ལས་བྱའི་ལས་འཛིན་འོས་བབ་ཡིག་རྒྱུགས་དང་ལས་གནས་མ་ཁུར་གོང་གི་ཁྲིམས་ལུགས་ཤེས་བྱའི་ཡིག་རྒྱུགས་སོགས་ཀྱི་ནང་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པ་དང་གསང་སྲུང་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་ནང་དོན་ཚུད་དགོས།

    དོན་ཚན་ཉེར་བདུན་པ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་ངེས་པར་དུ་རང་སོ་སོའི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ལས་ཁུངས། ཚགས་པར་དང་དུས་དེབ་དཔེ་སྐྲུན་ཚན་པ། མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་སོགས་སྨྱན་སྦྱོར་གྱིས་ངེས་པར་དུ་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་སྤྱི་ཕན་རང་བཞིན་གྱི་དྲིལ་བསྒྲགས་བྱེད་དགོས་པ་དང་། གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་སྤྱི་ཕན་བརྡ་ཁྱབ་དང་། དྲིལ་བསྒྲགས་སློབ་གསོའི་གློག་བརྙན་པར་གཞི་སོགས་དྲིལ་བསྒྲགས་དཔྱད་ཡིག་འགོད་གཏོང་བྱེད་དགོས།

    ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཉེར་དགུ་པ། ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་འོས་འགན་མ་བསྒྲུབས་པའི་རིགས་ལ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་ལྟར་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་འཇུག་དགོས་པ་དང་། བཅོས་སྒྲིག་བྱས་མེད་པའམ་ཡང་ན་བཅོས་སྒྲིག་བྱས་པ་དེ་བླང་བྱ་དང་མི་མཐུན་པའི་རིགས་ལ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཚན་པ་དེའི་འབྲེལ་ཡོད་འགན་འཁུར་བར་བསྐོང་འདྲི་བྱས་ཆོག་པ་དང་སྦྲགས། བསྐོང་འདྲི་བྱས་པའི་གནས་ཚུལ་རྣམས་དེའི་གོང་རིམ་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས་པ། གནས་ཚུལ་ཚབས་ཆེ་རིགས། འབྲེལ་ཡོད་ལས་ཁུངས་དང་ཚན་པས་ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་ཚན་པར་འགན་འཁྲི་ཡོད་མཁན་ལ་ཆད་པ་གཅོད་རྒྱུའི་གྲོས་འགོ་འདོན་ཆོག 

    དོན་ཚན་སུམ་ཅུ་པ། རྒྱལ་ཁབ་བདེ་སྲུང་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་གཞན་དག དེ་བཞིན་དེའི་ལས་བྱས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་གསང་མྱུལ་ལ་འགོག་རྒོལ་གྱིས་བདེ་སྲུང་ཉེན་ཟོན་བྱེད་པའི་འཁྲི་འགན་མ་བསྒྲུབས་པའི་རིགས་ལ་དེའི་གོང་རིམ་ལས་ཁུངས་ནས་བཅོས་སྒྲིག་བྱེད་དུ་འཇུག་དགོས་པ་དང་། ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

    དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་ཐད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་བྱེད་དགོས།

    ལེའུ་ལྔ་པ། ཞར་བྱུང་།

    དོན་ཚན་སོ་གཉིས་པ། སྲོལ་ཡིག་འདི་2021ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།