བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2020〕ཡིག་ཨང་12པ།
《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག》འདི་2020ལོའི་ཟླ་11ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2021ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2020ལོའི་ཟླ་12ཚེས་1ལ།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། སྔོན་རྩིས་ཀྱི་ཞིབ་བཤེར་དང་ཆོག་མཆན།
ལེའུ་གསུམ་པ། སྔོན་རྩིས་དོན་འཁྱོལ་གྱི་ལྟ་སྐུལ།
ལེའུ་བཞི་པ། སྔོན་རྩིས་ལེགས་སྒྲིག་གི་ཞིབ་བཤེར་དང་ཆོག་མཆན།
ལེའུ་ལྔ་པ། ངེས་རྩིས་ཀྱི་ཞིབ་བཤེར་དང་ཆོག་མཆན།
ལེའུ་དྲུག་པ། རྩིས་བཤེར་ལས་དོན་གྱི་ལྟ་སྐུལ།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྲིད་གཞུང་གི་གཏོང་ཡོང་བྱ་སྤྱོད་ཚད་ལྡན་བཟོ་བ་དང་། སྔོན་རྩིས་ལ་གཅུན་སྡོམ་བྱེད་ཤུཌ་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་འགན་སྲུང་ཐུབ་པ་བཅས་བྱེད་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་དེ་བཟོས་པ་ཡིན།
དོན་ཚན་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ་བྱེད་སྒོར་སྲོལ་ཡིག་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། སྔོན་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ་ལས་དོན་དེ་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཁྲིམས་བཞིན་ལག་བསྟར། ཡོངས་བསྒྲགས་གསལ་ཆ་ཆེ་བ། ཕྱོགས་ཡོངས་ཚད་ལྡན། གཙོ་གནད་མངོན་ཆེ། ཕན་འབྲས་ལ་སྣང་ཆེན་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།
དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རིམ་པ་དེ་གའི་སྤྱིའི་སྔོན་རྩིས་འཆར་ཟིན་དང་སྤྱིའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱེད་རྒྱུ་དང་། རིམ་པ་དེ་གའི་སྔོན་རྩིས་དང་རིམ་པ་དེ་གའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུ། སྔོན་རྩིས་དང་ངེས་རྩིས་སྐོར་གྱི་འཚམ་མཐུན་མེད་པའི་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ལ་འགྱུར་ལྡོག་གཏོང་རྒྱུའམ་ཡང་ན་མེད་པ་བཟོ་རྒྱུ། སྔོན་རྩིས་དང་ངེས་རྩིས་སྐོར་གྱི་འཚམ་མཐུན་མེད་པའི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་གཏན་འབེབས་དང་བཀའ་རྒྱ་ཕྱིར་འཐེན་བྱེད་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་སྤྱིའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུ་དང་། རིམ་པ་དེ་གའི་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞི་དང་ངེས་རྩིས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ། སྔོན་རྩིས་དང་ངེས་རྩིས་སྐོར་གྱི་འཚམ་མཐུན་མེད་པའི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་རང་ལས་རིམ་པ་གཅིག་གིས་དམའ་བའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་དང་། བཀའ་རྒྱ། གྲོས་ཆོད་བཅས་ཕྱིར་འཐེན་བྱེད་རྒྱུ།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞི་དང་ལོ་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། རིམ་པ་དེ་གའི་སྔོན་རྩིས་ལེགས་སྒྲིག་གི་ཐོག་མའི་ཇུས་གཞི་དང་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱས་ཏེ། ཐོག་མའི་ཞིབ་བཤེར་བསམ་འཆར་འདོན་རྒྱུ།
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་ལས་དོན་དེ་ངེས་པར་དུ་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ལོ་ལྟར་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་བྱས་ཚུལ་སྐོར་གྱི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་དགོས།
དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོཌ་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུར་ཤུཌ་སྣོན་རྒྱག་དགོས། གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཀྱི་ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གཏོང་སྒོའི་སྔོན་རྩིས་ཀྱི་སྤྱི་འབོར་0དང་གྲུབ་ཆ་དང་། གཙོ་གནད་གཏོང་སྒོ་དང་གལ་ཆེའི་མ་འཇོག་རྣམ་གྲངས། སྡེ་ཚན་གྱི་སྔོན་རྩིས། ནོར་སྲིད་ཀྱི་སྒྱུར་སྤྲོད་མ་དངུལ། སྲིད་གཞུང་གི་བུ་ལོན་སོཌ་ལ་གཙོ་གནད་དུ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་། མང་ཚོགས་ཀྱི་བདེ་རྩའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་ནོར་ཁྲལ་གྱི་སྲིད་ཇུས་མ་བཏོན་གོང་། ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།
དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་སྲིད་གཞུང་གི་ཆེད་དོན་ལས་ཀའི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་པ་དང་། དེ་བཞིན་ཁྲིམས་སྒྱུར་ཞིབ་བཤེར་དང་། རྟོག་ཞིབ། ཆེད་དོན་བརྟག་ཞིབ། ཆེད་དོན་གྲོས་ཞིབ། འདྲི་ཞིབ། འདྲི་རྩད། དམིགས་བཀར་གནད་དོན་བརྟག་དཔྱད། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་དང་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་ལས་དོན་སྤེལ་ཆོག
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་ལས་དོན་སྤེལ་བའི་ཁྲོད་ཀྱི་གལ་ཆེའི་དོན་གནད་དང་གནད་དོན་རྣམས་ངེས་པར་དུ་རིམ་པ་དེ་གའི་ཏང་ཨུད་ལ་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུ་དགོས།
དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྔོན་རྩིས་ཀྱི་དྲ་སྦྲེལ་ལྟ་སྐུལ་མ་ལག་བཙུགས་ཏེ་སྔོན་རྩིས་དང་ངེས་རྩིས་ལ་ཡོངས་འདུས་ཞིབ་བཤེར་དང་སྔོན་རྩིས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྔོན་རྩིས་ལ་དོ་དམ་བྱེད་རྒྱུ་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ནོར་སྲིད་དང་། ཁྲལ་དོན། རྩིས་བཤེར། གཞུང་ཁོངས་རྒྱུ་ནོར། སྤྱི་ཚོགས་འགན་སྲུང་སོགས་སྡེ་ཚན་གྱི་གཞི་གྲངས་ཆ་འཕྲིན་མ་ལག་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་ཀྱི་དྲ་སྦྲེལ་ལྟ་སྐུལ་མ་ལག་དང་དྲ་སྦྲེལ་མཉམ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྔོན་རྩིས་ལ་ཞིབ་བཤེར་མ་བྱས་གོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འཆར་ཉན་པའི་ལམ་སྲོལ་འཛུགས་དགོས།
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞི་དང་ལོ་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། རིམ་པ་དེ་གའི་སྔོན་རྩིས་ལེགས་སྒྲིག་གི་ཐོག་མའི་ཇུས་གཞི་དང་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱེད་སྐབས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་། སྡེ་ཚན་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ནང་དོན་དང་། ལས་རིམ། བྱེད་ཐབས། དུས་ཚད་བཅས་ལ་གཞིགས་ཏེ། སྔོན་རྩིས་དང་ངེས་རྩིས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།
ལེའུ་གཉིས་པ། སྔོན་རྩིས་ཀྱི་ཞིབ་བཤེར་དང་ཆོག་མཆན།
དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱི་སྔོན་རྩིས་འཆར་ཟིན་མ་བཟོས་གོང་བཞུགས་མོལ་ཚོགས་འདུ་དང་བརྡ་ཁྱབ་ཚོགས་འདུ་སྐོང་ཚོགས་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ལོ་འཁོར་རྗེས་མའི་སྔོན་རྩིས་བཟོ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། གཏོང་ཡོང་སྲིད་ཇུས། གཙོ་གནད་གཏོང་སྒོ་བཅས་དང་། དེ་བཞིན་ལོ་དེ་གའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཉན་དགོས་པ་དང་སྦྲགས། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། རིགས་གཅིག་མཁས་དབང་གི་རིག་མཛོད། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་དག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་ཚན་གྱི་གཙོ་གནད་གཏོང་སྒོ་དང་། གལ་ཆེའི་མ་འཇོག་རྣམ་གྲངས། གལ་ཆེའི་གཏོང་སྒོའི་སྲིད་ཇུས་སོགས་ཐད་ཀྱི་བསམ་འཆར་དང་གྲོས་འཆར་ཉན་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་སྔོན་རྩིས་བཟོས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས།
དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ངེས་པར་དུ་སྡེ་ཚན་དེ་ག་དང་ཚན་པ་དེ་གའི་སྔོན་རྩིས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་བྱས་ཏེ། སྔོན་རྩིས་བཟོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ལོ་འཁོར་དེའི་སྔོན་རྩིས་འཆར་ཟིན་བཟོ་སྐབས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་དང་འཚམ་མཐུན་གྱི་ནོར་སྲིད་སྲིད་ཇུས་དང་སྦྲེལ་མཐུད་བྱས་ཏེ། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་དང་། རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་གྱི་སྤྱིའི་བླང་བྱ་དང་ལོ་འཁོར་བརྒལ་བའི་སྔོན་རྩིས་དོ་སྙོམས་ཡོང་བའི་དགོས་མཁོ་གཞིར་བཟུང་། ལོ་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། འབྲེལ་ཡོད་གཏོང་སྒོའི་ལས་རྗེས་དཔྱད་ཞིབ་བྱས་འབྲས། ལོ་འདི་གའི་གཏོང་ཡོང་གི་སྔོན་དཔག་བཅས་དཔྱད་གཞིར་བཟུང་དགོས།
དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་མ་འཚོགས་གོང་གི་ཉིན་སུམ་ཅུའི་ནང་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞི་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་ཐོག་མའི་ཞིབ་བཤེར་བྱེད་རྒྱུར་སྐྱེལ་དགོས།
སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞིའི་ནང་ངེས་པར་དུ་ཚང་དགོས་པའི་ནང་དོན་གཤམ་གསལ་ཏེ།
(གཅིག)ལོ་འཁོར་དེ་གའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་དང་།
(གཉིས)སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་བཅས་ཀྱི་གཏོང་ཡོང་སྔོན་རྩིས་རེའུ་མིག
(གསུམ)སྡེ་ཚན་གྱི་སྔོན་རྩིས་འཆར་ཟིན།
(བཞི)གོང་རིམ་གྱི་སྒྱུར་སྤྲོད་མ་དངུལ་དང་འོག་རིམ་ལ་སྒྱུར་སྤྲོད་བྱས་པའི་མ་དངུལ་གྱི་ཞིབ་གསལ་རེའུ་མིག
(ལྔ)གཙོ་གནད་གཏོང་སྒོའི་གསལ་བཤད་དང་སྲིད་ཇུས་ཀྱི་གཞི་འཛིན་ས།
(དྲུག)གལ་ཆེའི་མ་འཇོག་རྣམ་གྲངས་ཀྱི་སྔོན་རྩིས་བཀོད་སྒྲིག
(བདུན)ལོ་འཁོར་གོང་མའི་སྲིད་གཞུང་བུ་ལོན་གྱི་གཞི་ཁྱོན་དང་གྲུབ་ཆ། དེ་བཞིན་བུ་ལོན་འཇལ་ཚུལ། ལོ་འཁོར་དེ་གའི་སྲིད་གཞུང་གི་བུ་ལོན་འཇལ་བའི་འཆར་གཞིའི་རེའུ་མིག
(བརྒྱད)གཙོ་གནད་གཏོང་སྒོ་དང་གལ་ཆེའི་མ་འཇོག་རྣམ་གྲངས་ཀྱི་སྔོན་རྩིས་ལས་རྗེས་དམིགས་ཚད་བཀོད་སྒྲིག་བྱས་ཚུལ།
(དགུ)འབྲེལ་ཡོད་གསལ་བཤད་ཀྱི་དཔྱད་ཡིག་གཞན་དག་བཅས་སོ།
དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞི་འབྱོར་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་དུ་ཐོག་མའི་ཞིབ་བཤེར་བྱས་ནས་ཐོག་མའི་ཞིབ་བཤེར་བསམ་འཆར་བཏོན་ཏེ། པར་བརྒྱབ་ནས་དུས་ཐོག་ཏུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་སྐྱེལ་དགོས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་ཐོག་མའི་ཞིབ་བཤེར་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་སྔོན་རྩིས་འཆར་ཟིན་དང་སྙན་ཞུར་སྔར་བས་བཟོ་བཅོས་བརྒྱབ་སྟེ་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། ཐོག་མའི་ཞིབ་བཤེར་བསམ་འཆར་འབྱོར་ཉིན་ནས་བཟུང་ཉིན་བདུན་ནང་ཚུན་དུ་ཐག་གཅོད་བྱས་ཚུལ་ལན་སྤྲོད་དགོས།
གོང་གསལ་ནང་གསེས་ནང་གཏན་འབེབས་བྱས་པའི་ཐོག་མའི་ཞིབ་བཤེར་བསམ་འཆར་དང་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱི་ལན་སྤྲོད་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་དེ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་པར་འགྲེམས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞི་དང་ལོ་འཁོར་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱེད་རྒྱུའི་ནང་དོན་གཤམ་གསལ་ཏེ།
(གཅིག)སྔོན་རྩིས་ཀྱི་བཀོད་སྒྲིག་དེ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ཡོད་མེད་དང་།
(གཉིས)ལོ་འཁོར་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཆོག་མཆན་སྤྲད་པའི་སྔོན་རྩིས་གྲོས་ཆོད་ཀྱི་བླང་བྱ་དང་མཐུན་ཡོད་མེད།
(གསུམ)སྔོན་རྩིས་ཀྱི་བཀོད་སྒྲིག་དེ་ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་དང་། རྒྱལ་ཁབ་ཀྱི་གཞི་ཆེའི་སྟངས་འཛིན་གྱི་སྤྱིའི་བླང་བྱ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འབྲེལ་ཡོད་འཆར་འགོད་བཅས་དང་མཐུན་ཡོད་མེད་དང་། གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ནང་ཏང་ཀྲུང་དབྱང་གི་གལ་ཆེའི་མཛད་ཕྱོགས་སྲིས་ཇུས་དང་ཐབས་ཇུས་བཀོད་སྒྲིག་བླང་བྱ་མཚོན་ཡོད་མེད།
(བཞི)སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གྱི་གཅིག་གྱུར་འཆར་འགོད་དང་འབྲེལ་མཐུད་བྱས་ཚུལ།
(ལྔ)གཙོ་གནད་གཏོང་སྒོ་དང་གལ་ཆེའི་མ་འཇོག་རྣམ་གྲངས་ཀྱི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ།
(དྲུག)སྒྱུར་སྤྲོད་མ་དངུལ་གྱི་བཀོད་སྒྲིག་བྱས་ཚུལ།
(བདུན)སྡེ་ཚན་གྱི་སྔོན་རྩིས་འཆར་ཟིན།
(བརྒྱད)སྔོན་རྩིས་བཟོ་འགོད་ཆ་ཚང་བ་དང་ཞིབ་ཚགས་སུ་བཏང་ཚུལ།
(དགུ)སྲིད་གཞུང་བུ་ལོན་གྱི་བཅད་འབོར་དང་། ལྷག་གྲངས། གྲུབ་ཆ། བེད་སྤྱོད། འཇལ་སྤྲོད་སོགས་ཀྱི་གནས་ཚུལ།
(བཅུ)གལ་ཆེའི་སྔོན་རྩིས་ལས་རྗེས་ཀྱི་དམིགས་ཚད་དང་ལས་རྗེས་ཀྱི་དཔྱད་གདེང་བྱས་འབྲས།
(བཅུ་གཅིག)སྔོན་གྲབས་འཕར་གྲོན་གྱི་གཞི་ཁྱོན་དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩ། སྔོན་རྩིས་ཀྱི་ཁ་འཁོར་མ་དངུལ་བཅས་བཀོད་སྒྲིག་བྱས་ཚུལ།
(བཅུ་གཉིས)སྔོན་རྩིས་ཀྱི་འབྲེལ་ཡོད་དོན་གནད་གལ་ཆེན་གྱི་གསལ་འགྲེལ་ཁ་གསལ་བྱུང་མིན་བཅས་སོ།
དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་སྡེ་ཚན་གྱི་སྔོན་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱས་ཆོག སྡེ་ཚན་གྱི་སྔོན་རྩིས་འཆར་ཟིན་ལ་ཐོག་མའི་ཞིབ་བཤེར་བྱེད་པའི་ནང་དོན་གཙོ་བོ་སྟེ།
(གཅིག)ཏང་ཀྲུང་དབྱང་གི་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་།
(གཉིས)སྡེ་ཚན་གྱི་སྔོན་རྩིས་བཟོ་རྒྱུ་ཆ་ཚང་པོ་ཡོད་མེད་ཀྱི་གནས་ཚུལ།
(གསུམ)རྣམ་གྲངས་ཐོ་མཛོད་འཛུགས་རྒྱུ་དང་རྣམ་གྲངས་གཏོང་སྒོའི་སྔོན་རྩིས་དེ་གཏོང་སྒོའི་སྲིད་ཇུས་དང་འབྲེལ་མཐུད་འཚམ་མཐུན་ཡོད་མེད་ཀྱི་གནས་ཚུལ།
(བཞི)སྡེ་ཚན་གྱི་གལ་ཆེའི་རྣམ་གྲངས་ཀྱི་གཏོང་སྒོའི་ལས་རྗེས་དམིགས་ཚད་བཟོ་བ་དང་། དེ་བཞིན་མངོན་གྱུར་དང་དཔྱད་གདེང་བྱས་འབྲས་ཉེར་སྤྱོད་བྱས་པའི་གནས་ཚུལ།
(ལྔ)རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་པའི་གནས་ཚུལ་བཅས་སོ།
དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་མ་འཚོགས་པའི་ཉིན་བདུན་གྱི་གོང་དུ་སྔོན་རྩིས་འཆར་ཟིན་དང་སྙན་ཞུའི་དངོས་གཞིའི་ཡིག་ཆ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེལ་སྤྲོད་བྱེད་དགོས།
དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་དང་མཉམ་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོག་སྐབས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འཐུས་མིར་སྔོན་རྩིས་འཆར་ཟིན་སྒྲོག་འགྲེལ་གྱི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོག་རིང་། སྔོན་རྩིས་ཞིབ་བཤེར་གྱི་ཆེད་དོན་ཚོགས་འདུ་སྐོང་འཚོག་བྱས་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་དག་གི་ཁོངས་མི་ཚོགས་འདུར་གདན་ཞུས་བྱས་ནས་ཁོང་ཚོའི་བསམ་འཆར་དང་གྲོས་འཆར་ཉན་ཆོག
འཐུས་མི་ཚོགས་པ་ཁག་གིས་སྔོན་རྩིས་འཆར་ཟིན་དང་ལོ་འཁོར་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱེད་སྐབས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་མི་སྣ་སྒྲིག་འཛུགས་ཀྱིས་བསམ་འཆར་དང་གྲོས་འཆར་ཉན་པ་དང་བསྡུ་ལེན་བྱེད་པར་གཏོང་དགོས་པ་དང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདྲི་རྩད་ལ་ལན་འདེབས་དགོས། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འཆར་ལ་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་ཞིབ་འཇུག་ནན་ཏན་བྱས་ཏེ་དགེ་མཚན་ལྡན་པ་རྣམས་བསྡུ་ལེན་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་ལན་སྤྲོད་དགོས།
དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ལ་གཞིགས་ཏེ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་སྤྱིའི་སྔོན་རྩིས་འཆར་ཟིན་དང་ལོ་འཁོར་གོང་མའི་སྤྱིའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་ཞིབ་བཤེར་བྱས་འབྲས་སྙན་ཞུ་འདོན་དགོས།
ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཐོག་གྲོས་འཆམ་བྱུང་རྗེས་ངེས་པར་དུ་ཚོགས་འདུའི་ཐོག་འགྲེམས་དགོས།
དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་རིང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོཌ་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག འཐུས་མི་ཚོགས་པ་ཁག འཐུས་མི་བཅུ་ཡན་མིང་མཉམ་འགོད་བཅས་ཀྱིས་ཁྲིམས་བཞིན་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་གྲོས་གཞི་འདོན་ཆོག སྔོན་རྩིས་འཆར་ཟིན་གྱི་བཟོ་བཅོས་གྲོས་གཞི་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ་ལམ་ཡང་ན་འབྲེལ་ཡོད་གཏན་འབེབས་ལྟར་གཉེར་སྒྲུབ་བྱེད་དགོས།
ལེའུ་གསུམ་པ། སྔོན་རྩིས་དོན་འཁྱོལ་གྱི་ལྟ་སྐུལ།
དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱིའི་ཆར་ལོ་རེའི་ཟླ་བདུན་པ་ནས་ཟླ་དགུ་པའི་བར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ལོ་འཁོར་དེ་གའི་དུས་མཚམས་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུ་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་འཁོར་དེ་གའི་དུས་མཚམས་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་སྙན་ཐོའི་རེའུ་མིག་ལ་གྲོས་ཞིབ་བྱེད་སྐབས། སྡེ་ཚན་ཁག་གཅིག་གི་སྔོན་རྩིས་ཚན་པའི་ལོ་འཁོར་དེ་གའི་དུས་མཚམས་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་ཉན་ན་འགྲིག
དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་དོན་འཁྱོལ་བྱེད་སྐབས། ངེས་པར་དུ་གཙོ་གནད་དུ་ཞིབ་བཤེར་བྱེད་དགོས་པའི་ནང་དོན་གཤམ་གསལ་ཏེ།
(གཅིག)འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ལག་བསྟར་བྱས་ཚུལ་དང་།
(གཉིས)གཙོ་གནད་གཏོང་སྒོའི་སྔོན་རྩིས་དང་གཏོང་སྒོའི་སྲིད་ཇུས་ལག་བསྟར་བྱས་ཚུལ།
(གསུམ)ནོར་སྲིད་ཀྱི་ཆེད་སྤྱོད་རྩིས་ཁྲའི་མ་དངུལ་གྱི་གནས་ཚུལ།
(བཞི)སྲིད་གཞུང་གི་མ་འཇོག་འཆར་གཞི་གལ་ཆེན་དང་མ་འཇོག་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ཚུལ།
(ལྔ)སྡེ་ཚན་གྱིས་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།
(དྲུག)སྲིད་གཞུང་གི་བུ་ལོན་གཡར་གྲངས་དང་དེའི་གཞི་ཁྱོན་དང་། གྲུབ་ཆ། སྤྱོད་སྒོ་བཅས་དང་། དེ་བཞིན་ལོ་དེའི་བུ་ལོན་འཇལ་སྤྲོད་བྱས་ཚུལ།
(བདུན)གོང་རིམ་གྱི་སྒྱུར་སྤྲོད་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་བྱས་ཚུལ་དང་། འོག་རིམ་ལ་མ་དངུལ་སྒྱུར་སྤྲོད་བྱས་ཚུལ།
(བརྒྱད)སྔོན་རྩིས་ཀྱི་བརྟན་སྙོམས་ཐེབས་རྩ་དང་། སྔོན་རྩིས་ཀྱི་ཡོང་འབབ་འཕར་མ། སྔོན་གྲབས་འཕར་གྲོན། འཕྲོས་སྒྱུར་འཕྲོས་ལྷག་བཅས་ཀྱི་མ་དངུལ་བེད་སྤྱོད་བྱས་ཚུལ།
(དགུ)སྔོན་རྩིས་ཡོངས་བསྒྲགས་བྱས་ཚུལ།
(བཅུ)ངེས་པར་དུ་གཙོ་གནད་ཐོག་ལྟ་སྐུལ་བྱེད་དགོས་པའི་དོན་གནད་གཞན་དག་བཅས་སོ།
དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་འཁོར་དེ་གའི་དུས་མཚམས་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་པ་དང་སྙན་ཐོའི་རེའུ་མིག་ལ་གྲོས་ཞིབ་བྱེད་སྐབས། ལོ་འཁོར་དེ་གའི་དུས་མཚམས་གོང་མའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་ཏེ་གྲོས་ཞིབ་བསམ་འཆར་གྲུབ་པ་བྱས་ཐོག རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་འབུལ་དགོས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏན་འབེབས་ཀྱི་དུས་བཅད་གཞིར་བཟུང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་འབུལ་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རིམ་པ་དེ་གའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྔོན་རྩིས་དོན་འཁྱོལ་ལྟ་སྐུལ་དང་འབྲེལ་བ་ཡོད་པའི་ནོར་སྲིད་དང་། དངུལ་རྩ། ཁྲལ་དོན། རྩིས་བཤེར། གཞུང་ཁོངས་རྒྱུ་ནོར། སྡོམ་རྩིས། སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་བསྡུས་རང་བཞིན་གྱི་སྙན་ཞུ་དང་དཔྱད་ཡིག་དུས་ཐོག་ཏུ་གོང་འབུལ་ཞུ་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་སྔོན་རྩིས་དེ་ཞིབ་ཕྲའི་གཏོང་སྒོའི་མ་དངུལ་ཐད་བཀོད་སྒྲིག་བྱེད་མི་ཐུབ་པའི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་དགོས།
དོན་ཚན་ཉེར་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་ཀྱི་དྲ་སྦྲེལ་ལྟ་སྐུལ་མ་ལག་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཞིབ་བསྡུར་བྱས་རྗེས་གོ་རིམ་གཞིར་བཟུང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་སྐྱེལ་དགོས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཞིབ་འཇུག་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་ལན་སྤྲོད་དགོས།
ལེའུ་བཞི་པ། སྔོན་རྩིས་ལེགས་སྒྲིག་གི་ཞིབ་བཤེར་དང་ཆོག་མཆན།
དོན་ཚན་ཉེར་བདུན་པ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་ཐོབ་པའི་སྔོན་རྩིས་དེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་ལེགས་སྒྲིག་བྱེད་མི་ཆོག སྔོན་རྩིས་དོན་འཁྱོལ་བྱེད་པའི་ཁྲོད་ཁྲིམས་བཞིན་ངེས་པར་དུ་སྔོན་རྩིས་ལེགས་སྒྲིག་བྱེད་དགོས་པའི་རིགས། ངེས་པར་དུ་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞི་བཟོ་སྒྲིག་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་དང་ཆོག་མཆན་གནང་རེ་ཞུ་དགོས།
སྔོན་རྩིས་དོན་འཁྱོལ་བྱེད་རིང་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནས་ལེ་ལག་ཚང་སྒྲིག་གི་ཆེད་དམིགས་སྒྱུར་སྤྲོད་མ་དངུལ་སྤྲད་ནས་སྔོན་རྩིས་གཏོང་ཡོང་འགྱུར་ལྡོག་སོང་བ་རྣམས་སྔོན་རྩིས་ལེགས་སྒྲིག་བྱེད་ཁོངས་སུ་མི་གཏོགས། ཡིན་ནའང་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་དགོས།
སྔོན་རྩིས་དོན་འཁྱོལ་བྱེད་རིང་། རིམ་ཁག་མི་དམངས་སྲིད་གཞུང་གིས་སྤྱིའི་ཆ་ནས་ནོར་སྲིད་ཀྱི་ཡོང་འབབ་བམ་ཡང་ན་གཏོང་སྒོ་མང་དུ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་གསར་པ་བཟོ་རྒྱུ་མིན་ལ། ནོར་སྲིད་ཀྱི་ཡོང་འབབ་ཉུང་དུ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཀྱང་བཟོ་རྒྱུ་མིན་པས། བཟོ་དགོས་ངེས་ཡིན་པའམ་ཡང་ན་སྔོན་རྩིས་ལེགས་སྒྲིག་བྱེད་དགོས་ངེས་ཡིན་ཚེ། ངེས་པར་དུ་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིའི་ནང་བཀོད་སྒྲིག་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་ངེས་པར་དུ་སྔོན་རྩིས་ལེགས་སྒྲིག་བྱེད་དགོས་པའི་རྒྱུ་མཚན་དང་། གཞི་འཛིན་ས། རྣམ་གྲངས། གྲངས་འབོར། གཏོང་ཡོང་དོ་སྙོམས་བཅས་དང་། དེ་བཞིན་ལེགས་སྒྲིག་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་དོན་གནད་གསལ་བཤད་བྱེད་དགོས། སྲིད་གཞུང་གི་བུ་ལོན་གཡར་གྲངས་མང་དུ་གཏོང་བའི་ཁོངས་སུ་གཏོགས་ཚེ། ངེས་པར་དུ་སྲིད་གཞུང་གི་བུ་ལོན་བཅད་གྲངས་དང་། ལྷག་གྲངས་ལ་འགྱུར་ལྡོག་བྱུང་ཚུལ། བུ་ལོན་འཇལ་སྤྲོད་འཆར་གཞི། ཉེན་ཁ་འགོག་ཟོན་བྱ་ཐབས་སོགས་གསལ་བཤད་བྱེད་དགོས།
དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་འཚོག་བྱས་ནས་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་ཞིབ་བཤེར་དང་ཆོག་མཆན་ཞུ་བའི་ཉིན་སུམ་ཅུའི་གོང་། སྔོན་རྩིས་ལེགས་སྒྲིག་གི་ཐོག་མའི་ཇུས་གཞི་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་ཐོག་མའི་ཞིབ་བཤེར་བྱེད་རྒྱུར་སྐྱེལ་སྤྲོད་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྔོན་རྩིས་ལེགས་སྒྲིག་གི་ཐོག་མའི་ཇུས་གཞི་འབྱོར་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་དུ་ཐོག་མའི་ཞིབ་བཤེར་བསམ་འཆར་འདོན་དགོས་པ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུར་སྤྲོད་དགོས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་ཐོག་མའི་ཞིབ་བཤེར་བསམ་འཆར་འབྱོར་ཉིན་ནས་བཟུང་ཉིན་བདུན་ནང་ཚུན་དུ་ཐག་གཅོད་བྱས་ཚུལ་ལན་སྤྲོད་དགོས།
ནང་གསེས་གོང་མའི་གཏན་འབེབས་ཀྱི་ཐོག་མའི་ཞིབ་བཤེར་བསམ་འཆར་དང་། དེ་བཞིན་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ལན་སྤྲོད་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་དེ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཁོངས་མི་སྣར་པར་འགྲེམས་བྱེད་དགོས།
དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་གཙོ་གནད་དུ་ཞིབ་བཤེར་བྱེད་དགོས་པའི་ནང་དོན་གཤམ་གསལ་ཏེ།
(གཅིག)སྔོན་རྩིས་ལེགས་སྒྲིག་བྱེད་རྒྱུ་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་མིན་དང་།
(གཉིས)སྔོན་རྩིས་ལེགས་སྒྲིག་བྱེད་དགོས་པའི་རྒྱུ་མཚན་དང་གཞི་འཛིན་ས་ཡག་པོ་ཡོད་མེད་དང་། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དོན་དངོས་དང་འཚམ་མིན།
(གསུམ)སྔོན་རྩིས་ལེགས་སྒྲིག་གི་མ་དངུལ་བཀོད་སྒྲིག་བྱེད་རྒྱུ་ལུགས་དང་མཐུན་མིན་དང་། མང་དུ་གཏོང་དགོས་པའི་གཏོང་སྒོར་ནོར་སྲིད་མ་དངུལ་གྱི་འབབ་ཁུངས་ཡོད་མེད།
(བཞི)སྔོན་རྩིས་ལེགས་སྒྲིག་བྱེད་པའི་ནང་སྲིད་གཞུང་གི་བུ་ལོན་གཡར་གྲངས་མང་དུ་གཏོང་རྒྱུ་བཏོན་ཚེ། སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་པའི་འབྲེལ་ཡོད་གཏན་འབེབས་དང་མཐུན་མིན། ལག་ལེན་བསྟར་འཐུས་ཀྱི་འཇལ་སྤྲོད་འཆར་གཞི་ཏན་ཏིག་ཡོད་མེད་དང་འཇལ་སྤྲོད་མ་དངུལ་གྱི་འབབ་ཁུངས་བརྟན་པོ་ཡོད་མེད།
(ལྔ)སྔོན་རྩིས་ལེགས་སྒྲིག་དང་འབྲེལ་བ་ཡོད་པའི་གསལ་བཤད་ཁ་གསལ་ཡོད་མེད་བཅས་སོ།
དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཚོགས་པའི་ཉིན་བདུན་གྱི་གོང་དུ། སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞི་དང་སྙན་ཞུའི་དངོས་གཞིའི་ཡིག་ཆ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེལ་སྤྲོད་བྱེད་དགོས།
དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིའི་སྐོར་གྱི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱེད་སྐབས། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིའི་སྐོར་གྱི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་འདོན་པ་དང་སྦྲགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་རོགས་ཞུ་དགོས།
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཞིབ་བཤེར་བྱས་འབྲས་སྐོར་གྱི་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་ཟུང་འབྲེལ་བྱས་ནས་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་ཞིབ་བཤེར་བྱས་ཏེ་གྲོས་ཐག་གཅོད་དགོས། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་ཞིབ་བཤེར་བྱེད་པ་དང་ཆོག་མཆན་སྤྲོད་སྐབས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་མི་སྣ་ངེས་པར་དུ་ཚོགས་འདུར་ཟུར་ཞུགས་བྱས་ཏེ་གྲོས་ཞིབ་བསམ་འཆར་ཉན་པ་དང་འདྲི་རྩད་བྱས་པར་ལན་འདེབས་དགོས།
ལེའུ་ལྔ་པ། ངེས་རྩིས་ཀྱི་ཞིབ་བཤེར་དང་ཆོག་མཆན།
དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་བཟོས་པའི་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་དེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་བྱས་རྗེས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་གཏན་འཁེལ་བྱེད་པར་འབུལ་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་རེའི་ཟླ་བདུན་པ་དང་། ཆུད་བཙུགས་པའི་གྲོང་ཁྱེར་དང་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་རེའི་ཟླ་བདུན་པ་ནས་དགུ་པའི་བར་ལོ་འཁོར་གོང་མའི་ངེས་རྩིས་འཆར་ཟིན་དང་དེའི་སྙན་ཞུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་དང་ཆོག་མཆན་གནང་རོགས་ཞུ་དགོས།
དོན་ཚན་སོ་བཞི་པ། ངེས་རྩིས་འཆར་ཟིན་དང་དེའི་སྙན་ཞུའི་ནང་ངེས་པར་དུ་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ཇི་མ་ཇི་བཞིན་དང་། གནད་འཕིགས། ཆ་ཚང་བ་བཅས་གསལ་ཐུབ་པ་བྱེད་དགོས།
ངེས་རྩིས་འཆར་ཟིན་ངེས་པར་དུ་སྔོན་རྩིས་དང་ག་མཚུངས་པ་དགོས་ཤིང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནས་ཆོག་མཆན་སྤྲད་པའི་སྔོན་རྩིས་ནང་བཀོད་པའི་རྩིས་ཚན་ལྟར་བཟོ་དགོས་པ་དང་། སྔོན་རྩིས་གྲངས་དང་། ལེགས་སྒྲིག་བྱས་པའི་སྔོན་རྩིས་གྲངས། དེ་བཞིན་ངེས་རྩིས་གྲངས་གཞིར་བཟུང་ཁག་སོ་སོར་བཀོད་པའི་ཁར་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་བ་བྱས་ཏེ་གྲངས་འབོར་ལ་འགྱུར་ལྡོག་ཆེ་ཙམ་བྱུང་བའི་རྩིས་ཚན་དེར་ངེས་པར་དུ་གསལ་བཤད་བྱེད་དགོས།
དོན་ཚན་སོ་ལྔ་པ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་སྤྲོད་རྒྱུའི་ཚོགས་འདུ་མ་འཚོགས་གོང་གི་ཉིན་སུམ་ཅུའི་ནང་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་ལོ་འཁོར་གོང་མའི་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་དང་། དེའི་སྙན་ཞུ། བཟོ་འགོད་གསལ་བཤད་བཅས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་ཐོག་མའི་ཞིབ་བཤེར་བྱེད་རྒྱུར་སྐྱེལ་དགོས།
དོན་ཚན་སོ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་འབྱོར་ཉིན་ནས་བཟུང་གི་ཉིན་བཅུའི་ནང་ཚུན་དུ་ཐོག་མའི་ཞིབ་བཤེར་བྱས་ནས་ཐོག་མའི་ཞིབ་བཤེར་བསམ་འཆར་འདོན་དགོས་པ་མ་ཟད། དུས་ཐོག་ཏུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་ལན་སྤྲོད་དགོས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་ངེས་པར་དུ་ཐོག་མའི་ཞིབ་བཤེར་བསམ་འཆར་འབྱོར་ཉིན་ནས་བཟུང་གི་ཉིན་བདུན་ནང་ཚུན་དུ་ཐག་གཅོད་བྱས་ཚུལ་ལན་སྤྲོད་དགོས།
ནང་གསེས་གོང་མའི་གཏན་འབེབས་ཀྱི་ཐོག་མའི་ཞིབ་བཤེར་བསམ་འཆར་དང་། དེ་བཞིན་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་ནས་ལན་སྤྲོད་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་དེ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཁོངས་མི་སྣར་པར་འགྲེམས་བྱེད་དགོས།
དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་དགོས་པའི་ནང་དོན་གཤམ་གསལ་ཏེ།
(གཅིག)ངེས་རྩིས་བཟོས་པ་དེ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ཡོད་མེད་དང་།
(གཉིས)རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནས་ཆོག་མཆན་སྤྲད་པའི་སྔོན་རྩིས་ངེས་རྩིས་ཀྱི་གྲོས་ཆོད་དོན་འཁྱོལ་བྱས་ཚུལ།
(གསུམ)སྔོན་རྩིས་གཏོང་ཡོང་གི་སྤྱིའི་གནས་ཚུལ།
(བཞི)གཏོང་སྒོའི་སྲིད་ཇུས་ལག་བསྟར་བྱས་ཚུལ།
(ལྔ)གཙོ་གནད་གཏོང་སྒོའི་བེད་སྤྱོད་དང་དེའི་ཕན་འབྲས་ཐོན་ཚུལ།
(དྲུག)ནོར་སྲིད་ཆེད་སྤྱོད་རྩིས་ཁྲའི་མ་དངུལ་གྱི་གནས་ཚུལ།
(བདུན)གཙོ་གནད་མ་འཇོག་རྣམ་གྲངས་ལེགས་འགྲུབ་དང་དེའི་ཕན་འབྲས་ཐོན་ཚུལ།
(བརྒྱད)སྲིད་གཞུང་བུ་ལོན་གྱི་གཞི་ཁྱོན་དང་། གྲུབ་ཆ། བེད་སྤྱོད། འཇལ་སྤྲོད་སོགས་ཀྱི་གནས་ཚུལ།
(དགུ)སྡེ་ཚན་གྱི་སྔོན་རྩིས་དོན་འཁྱོལ་དང་ངེས་རྩིས་བྱས་ཚུལ།
(བཅུ)ཚད་བརྒལ་གྱིས་བསྡུས་པའི་ཡོང་འབབ་བཀོད་སྒྲིག་བྱས་ཚུལ་དང་། འཕྲོས་སྒྱུར་འཕྲོས་ལྷག་གི་མ་དངུལ། སྔོན་གྲབས་འཕར་གྲོན། སྔོན་རྩིས་བརྟན་སྙོམས་ཐེབས་རྩ། སྔོན་རྩིས་འཁོར་རྒྱུག་མ་དངུལ་བཅས་བཀོད་སྒྲིག་དང་བེད་སྤྱོད་བྱས་ཚུལ།
(བཅུ་གཅིག)ནོར་སྲིད་ཀྱི་སྒྱུར་སྤྲོད་མ་དངུལ་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཚུལ།
(བཅུ་གཉིས)སྔོན་རྩིས་ལེགས་སྒྲིག་བྱས་ཚུལ།
(བཅུ་གསུམ)ངེས་རྩིས་དང་འབྲེལ་བ་ཡོད་པའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་འཚོགས་གོང་གི་ཉིན་བདུན་ནང་ཚུན་དུ་ངེས་རྩིས་འཆར་ཟིན་དང་དེའི་སྙན་ཞུའི་དངོས་གཞིའི་ཡིག་ཆ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེལ་དགོས།
དོན་ཚན་སོ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ངེས་རྩིས་སྐོར་གྱི་འཆར་ཟིན་དང་དེའི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་སྐབས། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ངེས་རྩིས་འཆར་ཟིན་སྐོར་གྱི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུ་འདོན་པ་དང་སྦྲགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་རོགས་ཞུ་དགོས།
རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུ་དང་ཟུང་འབྲེལ་བྱས་ནས་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་ཏེ་གྲོས་ཐག་གཅོད་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་དང་དེའི་སྙན་ཞུར་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་སྐབས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་ངེས་པར་དུ་ཚོགས་འདུར་ཟུར་ཞུགས་བྱས་ཏེ་གྲོས་ཞིབ་བསམ་འཆར་ཉན་པ་དང་འདྲི་རྩད་ལ་ལན་འདེབས་དགོས།
ལེའུ་དྲུག་པ། རྩིས་བཤེར་ལས་ཀའི་ལྟ་སྐུལ།
དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ལོ་འཁོར་གོང་མའི་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་སྐབས། ངེས་པར་དུ་ལོ་འཁོར་གོང་མའི་རིམ་པ་དེ་གའི་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་གཏོང་ཡོང་སྐོར་གྱི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་རྩིས་བཤེར་ལས་ཀའི་སྙན་ཞུར་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་དགོས། དགོས་ངེས་སྐབས་རྩིས་བཤེར་ལས་ཀའི་སྙན་ཞུར་གྲོས་ཐག་བཅད་ཆོག རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏན་འབེབས་ཀྱི་དུས་བཀག་ནང་གྲོས་ཆོད་ལག་བསྟར་བྱས་ཚུལ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།
དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མ་འཚོགས་གོང་གི་ཉིན་བདུན་ནང་ཚུན་དུ་རྩིས་བཤེར་ལས་ཀའི་སྙན་ཞུ་དང་། རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུའི་དངོས་གཞིའི་ཡིག་ཆ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེལ་དགོས།
དོན་ཚན་ཞེ་གཉིས་པ། རྩིས་བཤེར་ལས་ཀའི་སྙན་ཞུའི་ནང་ངེས་པར་དུ་ཆ་ཚང་བ་དང་། དངོས་ཡོད་ཡིན་པ། ཡང་དག་པ་བཅས་ཀྱི་སྒོ་ནས་རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་མཚོན་པ་བྱེད་དགོས། རྩིས་བཤེར་ལས་ཀའི་སྙན་ཞུའི་ནང་ངེས་པར་དུ་རྩིས་བཤེར་རྣམ་གྲངས་སུ་ཚུད་དགོས་པའི་འབྲེལ་ཡོད་ནང་དོན་གཤམ་གསལ་ཏེ།
(གཅིག)རིམ་པ་དེ་གའི་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་པའི་གཞི་རྩའི་གནས་ཚུལ་དང་།
(གཉིས)རིམ་པ་དེ་གའི་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་པའི་ཞིབ་དཔྱད།
(གསུམ)རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་དང་དེ་ཐག་གཅོད་བྱས་ཚུལ་དང་། རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་གཙོ་བོའི་གསལ་ཐོ།
(བཞི)རྩིས་བཤེར་ཐད་ཀྱི་གྲོས་འཆར།
(ལྔ)སྙན་སེང་ཞུ་དགོས་པའི་གལ་ཆེའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱིར་ན་ལོ་རེའི་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འགན་འཁུར་བའམ་ཡང་ན་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནས་རྩིས་བཤེར་ལས་ཁུངས་ཀྱི་གཙོ་འགན་འཁུར་མཁན་ལ་མངགས་བཅོལ་བྱས་ཏེ་རྩིས་བཤེར་རྩད་ཆོད་ཐུབ་པའི་གནད་དོན་རིགས་བཅོས་སྒྲིག་བྱས་ཚུལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། སྙན་ཞུའི་ནང་ངེས་པར་དུ་ཚུད་དགོས་པའི་ནང་དོན་གཤམ་གསལ་ཏེ།
(གཅིག)རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་ཆོད་དང་དེའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་དང་།
(གཉིས)རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་དང་བཅོས་སྒྲིག་གི་གསལ་ཐོ།
(གསུམ)རྩིས་བཤེར་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་དོགས་གཞི་ཡོད་པའི་གནད་དོན་གྱི་ཁུངས་སྣེ་བསྐྱལ་བའི་རིགས་ཐག་གཅོད་བྱས་ཚུལ།
(བཞི)བཅོས་སྒྲིག་བྱས་ཚར་མེད་པའི་གནད་དོན་དང་དེའི་རྒྱུ་རྐྱེན།
(ལྔ)བཅོས་སྒྲིག་གི་བྱ་ཐབས་དང་དེའི་གྲོས་འཆར་སྔར་བས་དོན་འཁྱོལ་བྱས་པ་བཅས་སོ།
དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་ལས་དོན་སྙན་ཞུ་དང་རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་དེར་གྲོས་ཞིབ་བྱེད་སྐབས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་རྩིས་བཤེར་ལས་ཁུངས་དང་རྩིས་བཤེར་བྱ་ཡུལ་ཚན་པའི་འབྲེལ་ཡོད་འགན་འཁུར་བ་ངེས་པར་དུ་ཚོགས་འདུར་ཞུགས་ནས་གྲོས་ཞིབ་བསམ་འཆར་ཉན་དགོས་པ་དང་སྦྲགས་འདྲི་རྩད་བྱས་པར་ལན་འདེབས་དགོས།
དོན་ཚན་ཞེ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནས་བཏོན་པའི་རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱེད་སྐབས། རྩིས་བཤེར་བྱ་ཡུལ་ཚན་པར་ཚན་པ་དེ་གའི་རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཆོག་ལ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་རྩིས་བཤེར་བྱ་ཡུལ་ཚན་པས་བཏོན་པའི་རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུར་བློ་མོས་ཇི་ཡོད་དཔྱད་ཞིབ་བྱས་ཆོག
དོན་ཚན་ཞེ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཚན་གྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གྲོལ་རྗེས་ཀྱི་ཉིན་བཅུའི་ནང་ཚུན་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཁོངས་མི་སྣས་རྩིས་བཤེར་ལས་དོན་གྱི་སྙན་ཞུ་དང་། རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་ལེགས་སྒྲིག་བྱེད་དགོས་ཤིང་། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་སྤྲོད་དགོས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏན་འབེབས་ཀྱི་དུས་བཀག་ནང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་འཇུག་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུ་འདོན་དགོས། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དོན་གཅོད་ལས་ཚན་ནས་ངེས་པར་དུ་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་རྗེས་འདེད་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རྩིས་བཤེར་བྱས་འབྲས་དེ་སྔོན་རྩིས་དོན་འཁྱོལ་བྱེད་པ་དང་། རིམ་པ་དེ་གའི་སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞིར་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་པ། རིམ་པ་དེ་གའི་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་པ་བཅས་ཀྱི་གལ་ཆེའི་གཞི་འཛིན་སར་བརྩི་དགོས།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་རིགས་གང་རུང་ཞིག་ཡོད་ཚེ། ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཡོ་བསྲང་གཏན་ནས་མ་བྱས་ཚེ་འབྲེལ་ཡོད་སྡེ་ཚན་གྱིས་ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁུར་བ་གཞན་དག་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་སྟེ།
(གཅིག)གཏན་འབེབས་ཀྱི་དུས་བཀག་ལྟར་སྔོན་རྩིས་ཀྱི་འཆར་ཟིན་དང་། ངེས་རྩིས་ཀྱི་འཆར་ཟིན། སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞི། རྩིས་བཤེར་ལས་དོན་གྱི་སྙན་ཞུ། རྩིས་བཤེར་ལེགས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་བཅས་ཀྱི་དངོས་གཞི་ཡིག་ཆ་བསྐྱལ་མེད་པ་དང་།
(གཉིས)གཏན་འབེབས་ཀྱི་དུས་བཀག་ལྟར་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞི་དང་། སྔོན་རྩིས་ལེགས་སྒྲིག་གི་ཐོག་མའི་ཇུས་གཞི། ངེས་རྩིས་འཆར་ཟིན་གྱི་ཐོག་མའི་ཞིབ་བཤེར་བསམ་འཆར་བཅས་ཀྱི་ཞིབ་འཇུག་ཐག་གཅོད་བྱས་ཚུལ་ལན་སྤྲད་མེད་པ།
(གསུམ)གཏན་འབེབས་ཀྱི་དུས་བཀག་ལྟར་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དང་། རྩིས་བཤེར་ལས་དོན་གྱི་སྙན་ཞུ། རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་བཅས་ཀྱི་གྲོས་ཞིབ་བསམ་འཆར་གྱི་ཞིབ་འཇུག་ཐག་གཅོད་བྱས་ཚུལ་ལན་སྤྲད་མེད་པ།
(བཞི)གཏན་འབེབས་ལྟར་སྔོན་རྩིས་ལ་དྲ་སྦྲེལ་ལྟ་སྐུལ་བྱེད་པའི་ཁྲོད་ཐོན་པའི་གནད་དོན་བཅོས་སྒྲིག་བྱས་མེད་པ།
(ལྔ)སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་བཅས་སོ།
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་ལྔ་བཅུ་པ། ཤང(གྲོང་རྡལ)མི་དམངས་འཐུས་མི་ཚོགས་ཆེན་ཐོག་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནས་བཟོས་པའམ་ཡང་ན་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གིས་ཚབ་བཟོ་བྱས་པའི་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན་དང་། སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞི། ངེས་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་སྐབས། སྲོལ་ཡིག་འདིར་གཞིགས་ཏེ་ལག་བསྟར་བྱེད་རྒྱུ།
དོན་ཚན་ང་གཅིག་པ། རྫོང་(ཆུད)མི་དམངས་འཐུས་མི་ཚོགས་ཆེན་གྱིས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་བཙུགས་མེད་ཚེ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཚན་གྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་ཞིབ་ཕྲའི་ལས་ཀའི་འགན་འཁུར་རྒྱུ།
དོན་ཚན་ང་གཉིས་པ། ཁྲོམ་གཞུང་དོན་གཅོད་ཁང་དང་རིགས་ཁག་གསར་སྤེལ་ཁུལ(བཟོ་ལས་སྡེ་གླིང་དང་ཐོན་ལས་སྡེ་གླིང་)གྱི་དོ་དམ་ཨུ་ལྷན་སོགས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་དང་མངག་གཏོང་ལས་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནས་དབང་བསྐུར་བ་བཞིན་སྔོན་རྩིས་དོ་དམ་ལས་སྒོ་སྤེལ་བར་གཏན་འབེབས་ལྟར་སྔོན་རྩིས་དང་ངེས་རྩིས་བཟོ་བ་མ་ཟད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་ནང་བཅུག་སྟེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ལྟ་སྐུལ་དང་ལེན་ཞུ་དགོས།
དོན་ཚན་ང་གསུམ་པ། སྲོལ་ཡིག་འདི་2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣