རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ལས་དོན་སྙན་སེང་ཉན་པ་དང་། དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཤིང་། སྟོབས་དང་ལྡན་པ་དང་། ཚད་བརྒལ་རང་བཞིན། ཚན་སྡེབ་རྣམ་པ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྤྱད་དེ། ལས་ཞུགས་ལ་སྐུལ་བའི་ལས་དོན་ཁག་ལ་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཐད་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་སོང་བ་དང་། སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་པ་ཆེ་བ། ལས་གནས་ཐབས་ལམ་རྒྱ་སྐྱེད་སོང་བ། འདུ་ཤེས་ཀྱི་ཁྲིད་སྟོན་གཏིང་ཟབ་ཏུ་ཕྱིན་པ། ལས་ཀའི་འགན་འཁྲི་ནན་དུ་སོང་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཐོན་པ་དང་། སྤྱིའི་ཆ་ནས་ལས་ཞུགས་ཐུབ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཁྲོམ་རར་ལས་ཞུགས་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ལས་ཞུགས་དུས་བབ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བསྟན་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་་སྡེ་ཚན་ཁག་གིས་ངེས་པར་དུ་གནད་དོན་དང་། དམིགས་ཚད། གྲུབ་འབྲས་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སློབ་ཐོན་སློབ་མའི་ཆེད་ལས་ཁྱབ་ཚུལ་དང་ལས་ཞུགས་ཀྱི་འདོད་བློ་སོགས་ལ་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་ལས་གནས་གསར་སྤེལ་བྱེད་པ་དང་། མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མི་དང་ལས་གནས་སྙོམ་སྒྲིག་ཡོང་བར་སྐུལ་འདེད་གཏོང་བ། ལས་ཞུགས་བོད་སྐྱོར་གྱི་རྒྱབ་སྐྱོར་དེ་བས་ཆེ་བ་བརྩོན་ལེན་བཅས་བྱས་ནས་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། རིམ་པ་ཟབ་པ་བཅས་ཀྱི་སྒོ་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལས་ཞུགས་ལས་གཏོད་ཀྱི་ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། ལྗོངས་ཕྱིའི་ལས་ཞུགས་ལ་ཞབས་འདེགས་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་ལྕག་སྐུལ་དང་སྟོན་ཕྱོགས་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། སྤུས་ལེགས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུར་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་པ། དུས་བབ་དྲིལ་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མཐོ་སློབ་སློབ་མ་ཡོངས་ལ་ལས་ཞུགས་འདུ་ཤེས་བསྒྱུར་རྒྱུ་དང་། ལུགས་མཐུན་ལས་ཞུགས་ཀྱི་སྔོན་དཔག་ཡག་པོ་བྱ་རྒྱུ། ལས་རིགས་འཕེལ་རྒྱས་གཏོང་སྟངས་འཆར་འགོད་ལུགས་མཐུན་བྱ་རྒྱུ། དུས་སྐབས་གསར་པའི་ལས་ཞུགས་བྱེད་ཕྱོགས་རང་རྟོགས་ངང་ལག་ལེན་བསྟར་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་པ། ལས་རིགས་ཁག་གི་ལས་གནས་མཁོ་སྤྲོད་ཀྱི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ་དང་། ལས་རིགས་ནང་ཁུལ་གྱི་ལས་ཞུགས་འཕེལ་རྒྱས་འཆར་གཞི་དང་། མ་དངུལ་འགན་ལེན་འཆར་གཞི། ཆེད་དོན་ཤེས་ལྡན་མི་སྣ་བཀོད་སྒྲིག་གི་འཆར་གཞི་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་འགོད་པ། རྨང་གཞིའི་གྲངས་གཞི་བསྡོམས་རྩིས་དང་འབྲེལ་མཐུད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། “གཅིག་གཏད་གཅིག”དང་། “མང་གཏད་གཅིག” “གཅིག་གཏད་མང”བཅས་ཀྱི་ལས་ཞུགས་རོགས་སྐྱོར་ལ་མཛུབ་ཁྲིད་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། དེ་བཞིན་རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། རིམ་པ་བཞིན་ཧུར་བརྩོན་རང་བཞིན་འཕེལ་ཐབས་བྱེད་པ་བཅས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་སྤུས་ཚད་སྔར་བས་མཐོ་བ་དང་སྔར་བས་ལེགས་པའི་ལས་ཞུགས་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།