《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(2012ལོའི་ཟླ་3ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་གྲོས་འཆམ་བྱུང་བ། 2020ལོའི་ཟླ་9ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་བཟོ་བཅོས་བྱས)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2020〕ཨང་8པ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་ཐབས》བཅས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་2020ལོའི་ཟླ་9ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2020ལོའི་ཟླ་9ཚེས་27ལ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་ཐབས》བཅས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།
(2020ལོའི་ཟླ་9ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་ཆོད་དོན་བཞག་དོན་དུ།
གཅིག 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལ་བཟོ་བཅོས་འདི་ལྟར་རྒྱག་རྒྱུ་སྟེ། དོན་ཚན་བཅུ་བཞི་པའི་ནང་གསེས་གཉིས་པ་དེ“ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ནི་ལོ་ལྔ་ཡིན་པ་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མུ་མཐུད་འདེམས་པ་དང་མུ་མཐུད་གོ་གནས་ཁུར་ན་འགྲིག”ཅེས་བཟོ་བཅོས་རྒྱག་རྒྱུ།
གཉིས། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལ་བཟོ་བཅོས་འདི་ལྟར་རྒྱག་རྒྱུ་སྟེ། དོན་ཚན་བཅུ་གཉིས་པ་དེ“གྲོང་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ནི་ལོ་ལྔ་ཡིན་པ་དང་། དེའི་ཁོངས་མི་མུ་མཐུད་འདེམས་པ་དང་མུ་མཐུད་གོ་གནས་ཁུར་ན་འགྲིག ཁོངས་མི་མ་ཚང་བའམ་རྒྱུ་མཚན་གཞན་དག་གི་རྐྱེན་པས་མུ་མཐུད་གོ་གནས་འཁུར་མི་ཐུབ་པའི་སྐབས། གྲོང་མིའི་ཚོགས་འདུས་འཕྲལ་དུ་གསབ་འདེམས་བྱེད་རྒྱུ། གྲོང་མི་ཚོགས་ཆུང་གི་ཙུའུ་ཀྲང་དེ་གྲོང་མིས་འོས་འདེམས་བྱེད་རྒྱུ་དང་། འགན་ཡུན་ལོ་ལྔ་ཡིན་པ། མུ་མཐུད་འདེམས་པ་དང་མུ་མཐུད་གོ་གནས་ཁུར་ན་འགྲིག”ཅེས་བཟོ་བཅོས་རྒྱག་རྒྱུ།
གསུམ། 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་ཐབས》ལ་བཟོ་བཅོས་འདི་ལྟར་རྒྱག་རྒྱུ་སྟེ། དོན་ཚན་བཞི་པའི་ནང་གསེས་གཉིས་པ་དེ“ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ལོ་ལྔ་ཡིན་པ་དང་། སྐབས་ཐིམ་རྗེས་ངེས་པར་དུ་འཕྲལ་མར་འདེམས་བསྐོ་བྱེད་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མུ་མཐུད་འདེམས་པ་དང་མུ་མཐུད་གོ་གནས་ཁུར་ན་འགྲིག”ཅེས་བཟོ་བཅོས་རྒྱག་རྒྱུ།
གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་ཐབས》བཅས་ལ་གཏན་འབེབས་འདི་གཞིར་བཟུང་བབ་མཚུངས་ཀྱི་བཟོ་བཅོས་བརྒྱབ་ཡོད་པས་ཡང་བསྐྱར་སྤྱི་བསྒྲགས་བྱེད་རྒྱུ་ཡིན།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་གྲུབ་སྟངས་དང་དེའི་འགན་འཁྲི།
ལེའུ་གསུམ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ།
ལེའུ་བཞི་པ། ཡུལ་མིའི་ཚོཌ་འདུ་དང་ཡུལ་མིའི་འཐུས་མི་ཚོཌ་འདུ།
ལེའུ་ལྔ་པ། དམངས་གཙོའི་དོ་དམ་དང་དམངས་གཙོའི་ལྟ་སྐུལ།
ལེའུ་དྲུག་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། གྲོང་གསེབ་ཀྱི་ཡུལ་མིས་རང་སྐྱོང་བྱེད་པར་འགན་སྲུང་དང་། ཡུལ་མིས་ཁྲིམས་བཞིན་རང་ཉིད་ཀྱི་ལས་དོན་སྒྲུབ་པ། གྲོང་གསེབ་ཀྱི་གཞི་རིམ་དམངས་གཙོ་གོང་འཕེལ་གཏོང་བ། ཡུལ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུཌ་བཅའ་ཁྲིམས》གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཡུལ་མི་ཨུ་ཡོན་ལྷན་ཁང་ནི་ཡུལ་མིས་རང་གིས་རང་ལ་དོ་དམ་བྱེད་པ་དང་། རང་གིས་རང་ལ་སློབ་གསོ་རྒྱག་པ། རང་གིས་རང་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་གཞི་རིམ་གྱི་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུཌ་ཤིག་ཡིན་ཞིང་། དམངས་གཙོས་འདེམས་བསྐོ་བྱེད་པ་དང་། དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ་བྱེད་པ། དམངས་གཙོས་ལྟ་སྐུལ་བྱེད་པ་བཅས་ཡིན།
དོན་ཚན་གསུམ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་ནི་ཡུལ་མིའི་གནས་སྡོད་བྱེད་ཚུལ་དང་། མི་འབོར་མང་ཉུང་། ལོ་རྒྱུས་གོམས་གཤིས་བཅས་ལ་གཞིགས་ཏེ། ཡུལ་མིས་རང་སྐྱོང་བྱེད་བདེ་བ་དང་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ལ་དོ་དམ་བྱེད་པར་ཕན་པའི་རྩ་དོན་གཞིར་བཟུང་འཛུགས་རྒྱུ་མ་ཟད་སྤྱིར་བརྟན་གནས་ཐུབ་པ་བྱེད་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། ཕྱིར་འཐེན། ཁྱབ་ཁོངས་ལེགས་སྒྲིག་བཅས་བྱེད་རྒྱུ་དེ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གྲོས་འཆར་འདོན་རྒྱུ་མ་ཟད། ཡུལ་མིའི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ནས་མོས་མཐུན་བྱུང་རྗེས་རྫོང་རིམ་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཡུལ་མིའི་གནས་སྡོད་བྱེད་ཚུལ་དང་མཉམ་སྡེབ་ཀྱི་ས་ཆའི་བདག་དབང་གི་འབྲེལ་བ་སོགས་ལ་གཞིགས་ཏེ་ཡུལ་མིའི་ཚོགས་ཆུང་འགའ་ཤས་ལོགས་སུ་བཙུགས་ཆོག
དོན་ཚན་བཞི་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་འོག་འགན་དབང་ལག་བསྟར་བྱེད་རྒྱུ་དང་། རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལ་གཞིགས་ཏེ་རང་སྐྱོང་གི་བྱེད་སྒོ་སྤེལ་རྒྱུ་དང་དམངས་གཙོའི་དབང་ཆ་ཐད་ཀར་སྤྱོད་རྒྱུ།
དོན་ཚན་ལྔ་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་མཛུབ་ཁྲིད་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་དགོས་མོད། འོན་ཀྱང་ཁྲིམས་བཞིན་རང་སྐྱོང་བྱེད་ཁོངས་སུ་གཏོགས་པའི་དོན་གནད་ལ་ཐེ་ཇུས་བྱེད་མི་ཆོག ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ལས་དོན་སྤེལ་རོགས་བྱེད་རྒྱུ།
དོན་ཚན་དྲུག་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་དེའི་ལས་དོན་སྤེལ་རོགས་བྱེད་པར་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས་པ་དང་། མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་མི་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྤེལ་རྒྱུ་མངགས་བཅོལ་བྱས་པར་གྲོན་དངུལ་དགོས་ཚེ་མངགས་བཅོལ་བྱེད་མཁན་སྡེ་ཚན་གྱིས་འགན་འཁུར་དགོས།
དོན་ཚན་བདུན་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ལས་ཀའི་གྲོན་དངུལ་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གཞི་རྩའི་ཐོབ་ཆ། ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའ། གོ་གནས་འཁུར་རིང་གི་གཟུགས་པོའི་བརྟག་དཔྱད་ཀྱི་གྲོན་དངུལ། སྦྱོང་བརྡར་གྱི་གྲོན་དངུལ་བཅས་ནོར་སྲིད་ཀྱིས་འགན་སྲུང་བྱེད་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་གཉེར་སྒྲུབ་བྱེད་རྒྱུའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུས་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་རྗེས་མ་དངུལ་གྲབས་གསོག་དང་ངལ་ནུས་སྒྲིག་འཛུགས་བྱས་ནས་ཐག་གཅོད་བྱེད་ཆོག་པ་དང་། ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་མི་ཨུ་ཡོན་ལྷན་ཁང་ནས་རང་མོས་ཐོག་སྒྲིག་འཛུགས་བྱས་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་གཉེར་སྒྲུབ་ཡག་པོ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས།
དོན་ཚན་བརྒྱད་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ།
དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་འབྲེལ་ཡོད་ཡུལ་མིའི་རང་སྐྱོང་བྱེད་ཕྱོགས་ཐད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ལས་སྒོའི་ཤེས་བྱ་བཅས་ཀྱི་སྦྱོང་བརྡར་སྤྲོས་དགོས་པ་དང་། གསར་དུ་བདམས་ཐོན་བྱུང་བའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ལས་འགན་འཁུར་རིང་ཉུང་མཐར་ཡང་སྦྱོང་བརྡར་ཐེངས་གཅིག་སྤྲོས་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དམངས་སྲིད་སྡེ་ཚན་གྱིས་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྦྱོང་བརྡར་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་དགོས།
ལེའུ་གཉིས་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གྲུབ་སྟངས་དང་དེའི་འཁྲི་འགན།
དོན་ཚན་བཅུ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་དེ་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཁྱོན་བསྡོམས་མི་ལྔ་ནས་བདུན་བར་ལས་གྲུབ་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲས་སུ་ངེས་པར་དུ་བུད་མེད་ཀྱི་ཁོངས་མི་ཡོད་དགོས་པ་དང་། མི་རིགས་མང་པོ་གནས་སྡོད་བྱེད་སའི་གྲོང་ཚོར་ངེས་པར་དུ་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཁོངས་མི་ཡོད་དགོས།
དོན་ཚན་བཅུ་གཅིག་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་དགོས་མཁོར་གཞིགས་ཏེ་མི་དམངས་འདུམ་འགྲིག་དང་། བདེ་འཇགས་སྲུང་སྐྱོབ། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རིག་གནས། སློབ་གསོ་སོགས་ཀྱི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མངའ་འོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་ཁུར་ན་འགྲིག མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུས་འོས་འདེམས་བྱེད་རྒྱུ། མི་འབོར་ཉུང་བའི་གྲོང་ཚོར་མངའ་འོག་ཨུ་ཡོན་ལྷན་ཁང་མ་བཙུགས་པར་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ལས་བགོས་བཞིན་བདེ་འཇགས་སྲུང་སྐྱོབ་དང་། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རིག་གནས། སློབ་གསོ་སོགས་ཀྱི་ལས་དོན་སྒྲུབ་འགན་ཁུར་ན་འགྲིག
དོན་ཚན་བཅུ་གཉིས་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འཁྲི་འགན་གཙོ་བོ་ནི།
(གཅིག)རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་རྒྱུ་དང་།
(གཉིས)ཡུལ་མིར་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན། ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་དགོས་པའི་སློབ་གསོ་རྒྱག་རྒྱུ།
(གསུམ)ཡུལ་མིར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་སློབ་གསོ་སྤེལ་རྒྱུ།
(བཞི)ཡུལ་མིའི་ཚོགས་འདུ་དང་ཡུལ་མིའི་འཐུས་མི་ཚོགས་འདུའི་གཏན་འབེབས་དང་གྲོས་ཆོད་ལག་བསྟར་བྱེད་རྒྱུ།
(ལྔ)ཡུལ་མིའི་རང་སྐྱོང་སྒྲིག་ཡིག་དང་ཡུལ་སྲོལ་དམངས་ཆིངས་ལ་བརྩི་སྲུང་ཞུ་རྒྱུ་མ་ཟད་ལག་བསྟར་བྱེད་རྒྱུ།
(དྲུག)ཡུལ་མིས་ཁྲིམས་བཞིན་རྣམ་པ་འདྲ་མིན་གྱི་མཉམ་ལས་དཔལ་འབྱོར་དང་དཔལ་འབྱོར་གཞན་དག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་སྒྲིག་འཛུགས་དང་། ངལ་ནུས་ཕྱིར་གཏོང་བྱེད་རྒྱུའི་སྒྲིག་འཛུགས། ཡུལ་མིས་གོ་རིམ་ལྡན་པའི་ངང་ལས་གྲྭའི་འཛུགས་སྐྲུན་ནང་ཐེ་ཞུགས་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་ཡུལ་མིའི་དཔལ་འབྱོར་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ།
(བདུན)གྲོང་ཚོ་དེ་གའི་མཉམ་སྡེབ་ལ་དབང་བའི་ས་ཆ་དང་། རྩྭ་ར། ནགས་ས། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་རྒྱུ་ནོར་གཞན་དག་བཅས་ལ་དོ་དམ་བྱས་ཏེ། ཡུལ་མིས་རང་བྱུང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པར་ཁྲིད་སྟོན་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སུ་གཏོང་རྒྱུ།
(བརྒྱད)མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་བཞིན་རང་ཚུགས་ཀྱིས་དཔལ་འབྱོར་བྱེད་སྒོ་སྤེལ་བར་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ཏེ་དུད་ཚང་གིས་འགན་གཙང་གཉེར་སྐྱོང་བྱེད་རྒྱུ་རྨང་གཞིར་བྱས་པ་དང་། གཅིག་གྱུར་དང་ལོགས་དབྱེ་ཟུང་འབྲེལ་གྱི་བང་རིམ་གཉིས་ལྡན་གྱི་གཉེར་སྐྱོང་ལམ་སྲོལ་ལ་སྲུང་སྐྱོང་བྱས་ནས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་ཡུལ་མིའི་ཁྲིམས་མཐུན་རྒྱུ་ནོར་གྱི་བདག་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་དག་འགན་སྲུང་བྱེད་རྒྱུ།
(དགུ)གྲོང་ཚོ་དེ་གའི་སྤྱི་ཕན་ལས་དོན་དང་སྤྱི་ཕན་བྱ་གཞག་སྒྲུབ་པ་དང་། ཞབས་ཞུའི་རང་བཞིན་དང་། སྤྱི་ཕན་རང་བཞིན། རོགས་རེས་རང་བཞིན་བཅས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཁྲིམས་བཞིན་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ།
(བཅུ)ཡུལ་མིར་གཞུང་ལམ་དང་། ལྕགས་ལམ། ཟམ་པ། ལམ་འོག་ཆུ་འགྲོ། ལམ་རྟགས། གྲུ་ལམ་གསལ་རྟགས། མདོང་ལམ། སྒྲིག་བཀོད། དེ་བཞིན་གཏན་ཚུགས་ཀྱི་ཐིག་ཚད་མཚོན་རྟགས། ས་མཚམས་དབྱེ་རྟགས་སོགས་སྤྱི་པའི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་རྒྱག་རྒྱུ།
(བཅུ་གཅིག)གནས་སའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་དང་ཞབས་ཞུའི་བྱ་ཐབས་དོན་འཁྱོལ་བྱེད་རོགས་བྱེད་རྒྱུ།
(བཅུ་གཉིས)ཡུལ་མི་སྒྲིག་འཛུགས་ཀྱིས་ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་དང་། དགེ་མཚན་ལྡན་པ་དང་། སྐྱོན་བྲལ། ཕན་ལྡན་བཅས་ཀྱི་རིག་གནས་བྱེད་སྒོ་སྤེལ་རྒྱུ།
(བཅུ་གསུམ)ཡུལ་མིར་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འོས་འགན་སྒྲུབ་དགོས་པའི་སློབ་གསོ་རྒྱག་རྒྱུ།
(བཅུ་བཞི)ཡུལ་མི་ཨུ་ཡོན་ལྷན་ཁང་གིས་སྒྲུབ་དགོས་པའི་དོན་གནད་གཞན་དག་བཅས་སོ།
དོན་ཚན་བཅུ་གསུམ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་དུ་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་ལ་བརྩི་སྲུང་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ། དྲང་གཞག་ལས་སྒྲུབ་བྱེད་པ། སྤྱོད་གཙང་སྲི་ཞུ་སྒྲུབ་པ། དེ་བཞིན་སེམས་རྩ་འཁོལ་པོས་ཡུལ་མིར་ཞབས་ཞུ་སྒྲུབ་པ། ཡུལ་མིའི་ལྟ་སྐུལ་དང་ལེན་ཞུ་བ་བཅས་བྱེད་དགོས།
ལེའུ་གསུམ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ།
དོན་ཚན་བཅུ་བཞི་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ནི་གྲོང་ཚོ་དེ་གའི་འདེམས་བྱེད་དབང་ཆ་ཡོད་པའི་ཡུལ་མིས་བདམས་ཐོན་བྱེད་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ནི་ལོ་ལྔ་ཡིན་པ་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མུ་མཐུད་འདེམས་པ་དང་མུ་མཐུད་གོ་གནས་ཁུར་ན་འགྲིག
དོན་ཚན་བཅོ་ལྔ་པ། ཧྲིལ་ལོ་18ཟིན་པའི་ཡུལ་མི་ཡིན་ཕྱིན་མི་རིགས་དང་། ཕོ་མོ། ལས་རིགས། གཞི་ཁུངས། ཆོས་དད། སློབ་གསོ་ཐོབ་ཚད། རྒྱུ་ནོར་གནས་ཚུལ། གནས་སྡོད་ཡུན་ཚད་བཅས་ལ་མ་བལྟོས་པར་ཚང་མར་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད། ཡིན་ན་ཡང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི་དེའི་ཁོངས་སུ་མི་ཚུད། ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་མ་བྱས་གོང་ངེས་པར་དུ་གཤམ་གསལ་མི་སྣ་ཐོ་འགོད་བྱས་ཏེ་འདེམས་བསྐོའི་ནང་ཞུགས་མཁན་གྱི་ཡུལ་མིའི་མིང་ཐོའི་ནང་འཇུག་དགོས་པ་སྟེ།
(གཅིག)ཐེམ་ཐོ་གྲོང་ཚོ་དེ་གར་ཡོད་པ་མ་ཟད་གྲོང་ཚོ་དེ་གར་གནས་སྡོད་བྱེད་མཁན་གྱི་ཡུལ་མི་དང་།
(གཉིས)ཐེམ་ཐོ་གྲོང་ཚོ་དེ་གར་ཡོད་ཀྱང་གྲོང་ཚོ་དེའི་ནང་གནས་སྡོད་མི་བྱེད་ཀྱང་། རང་ཉིད་འདེམས་བསྐོའི་ནང་ཞུགས་འདོད་བྱེད་མཁན་གྱི་ཡུལ་མི།
(གསུམ)ཐེམ་ཐོ་གྲོང་ཚོ་དེ་གར་མེད་ཀྱང་། གྲོང་ཚོ་དེ་གར་གནས་སྡོད་བྱས་ནས་ལོ་གཅིག་ཡན་ཕྱིན་པ་དང་། རང་ཉིད་ནས་འདེམས་བསྐོའི་ནང་ཞུགས་རྒྱུའི་རེ་འདུན་ཞུས་པ་མ་ཟད། ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུས་འདེམས་བསྐོར་ཞུགས་རྒྱུར་མོས་མཐུན་བྱས་པའི་ཡུལ་མི་བཅས་སོ། ཐེམ་ཐོ་ཡོད་སའི་གྲོང་ཚོའམ་ཡང་ན་གནས་སྡོད་བྱེད་སའི་གྲོང་ཚོར་འདེམས་བསྐོའི་ནང་ཞུགས་རྒྱུའི་ཐོ་འགོད་བྱས་ཟིན་པའི་ཡུལ་མི་ཡིན་ཕྱིན་ས་གནས་གཞན་དག་གི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ནང་ཡང་བསྐྱར་ཞུགས་མི་ཆོག
དོན་ཚན་བཅུ་དྲུག་པ། འདེམས་བསྐོའི་ནང་ཞུགས་རྒྱུའི་ཐོ་འགོད་བྱས་པའི་ཡུལ་མིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འོས་མི་མིང་འདོན་བྱེད་རྒྱུ་དེ་ལོགས་སུ་མིང་འདོན་བྱས་ཆོག་ལ་མིང་མཉམ་འགོད་ཐོག་ནས་མིང་འདོན་ཡང་བྱས་ཆོག ཡུལ་མི་ཨུ་ཡོན་ལྷན་ཁང་གིས་འོས་མི་མིང་འདོན་བྱས་པ་བསྡོམས་རྩིས་རྒྱག་སྐབས་ངེས་པར་དུ་འོས་མིའི་མིང་སྐལ་ནང་ཉུང་མཐར་ཡང་བུད་མེད་འོས་མི་གཅིག་ཡོད་པའི་འགན་ལེན་བྱེད་དགོས། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འོས་མིར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ་ཏེ།
(གཅིག)ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པ་དང་།
(གཉིས)བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ།
(གསུམ)ཀུན་སྤྱོད་བཟང་བ་དང་། གཞུང་དྲང་ཚུལ་མཐུན། སྤྱོད་ཚུལ་དམངས་གཙོ་ལྡན་པ། སྤྱོད་གཙང་རང་འདོམས། སེམས་རྩ་འཁོལ་པོས་ཡུལ་མིར་ཞབས་ཞུ་སྒྲུབ་པ།
(བཞི)གཟུགས་གཞི་བདེ་ཐང་ཡིན་པ་དང་། གྲོང་ཚོའི་གནས་ཚུལ་རྒྱུས་མངའ་ཡོད་པ། རིག་གནས་ཆུ་ཚད་ངེས་ཅན་ཡོད་པ། ཡུལ་མི་སྒྲིག་འཛུགས་སྣེ་ཁྲིད་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་པའི་ལས་ཀའི་ནུས་པ་ཡོད་པ་བཅས་ཡིན།
དོན་ཚན་བཅུ་བདུན་པ། ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པར་མིང་མ་བཀོད་པར་འདེམས་ཤོག་འཕེན་པ་དང་ཡོངས་བསྒྲགས་ཐོག་འདེམས་ཤོག་རྩིས་རྒྱག་པའི་བྱ་ཐབས་ལག་བསྟར་བྱེད་རྒྱུ། འདེམས་བསྐོ་བྱེད་སྐབས་ངེས་པར་དུ་གསང་བའི་འདེམས་ཤོག་འབྲི་ས་བཟོ་དགོས། ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་སྐབས་འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་ཡུལ་མིའི་ཕྱེད་ཀ་ཡན་གྱིས་འདེམས་ཤོག་འཕེན་ཡོད་ན་འདེམས་བསྐོར་རྩིས་འགྲོ་ཡོད་པ་དང་། འོས་མིར་འདེམས་ཤོག་འཕེན་མཁན་ཡུལ་མིའི་ཕྱེད་ཀ་ཡན་གྱི་འདེམས་ཤོག་ཐོབ་ཚེ་བདམས་ཐོན་བྱུང་བ་ཡིན། འདེམས་བསྐོར་ཞུགས་རྒྱུའི་ཐོ་འགོད་བྱས་པའི་ཡུལ་མི་འདེམས་བསྐོའི་ཉིན་འདེམས་ཤོག་འཕེན་པའི་ནང་ཞུགས་མ་ཐུབ་ཚེ། གྲོང་ཚོ་དེ་གའི་འདེམས་བྱེད་དབང་ཆ་ཡོད་པའི་ཡུལ་མི་གཞན་དག་ལ་འདེམས་ཤོག་འཕེན་རྒྱུ་ཡིག་ཐོག་ནས་མངགས་བཅོལ་བྱས་ཆོག འོན་ཀྱང་འདེམས་ཤོག་འཕེན་རྒྱུ་ཚབ་བྱེད་མཁན་གྱིས་ཡུལ་མི་གཞན་དག་གསུམ་ཡན་མངགས་བཅོལ་དང་ལེན་བྱེད་མི་ཆོག ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་འོས་མིས་ཡུལ་མི་གཞན་དག་གི་མངགས་བཅོལ་དང་ལེན་བྱེད་མི་ཆོག ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མངགས་བཅོལ་བྱེད་མཁན་དང་མངགས་བཅོལ་བྱེད་སའི་མིའི་མིང་ཐོ་ཡོངས་བསྒྲགས་བྱེད་དགོས། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱས་འབྲས་རྩིས་འགྲོ་ཡོད་པ་ཁས་ལེན་བྱས་རྗེས་ངེས་པར་དུ་འཕྲལ་མར་འདེམས་བསྐོ་བྱས་འབྲས་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ལ་འདེམས་བསྐོ་བྱས་འབྲས་སྙན་ཐོ་དཔོད་དགོས།
དོན་ཚན་བཅོ་བརྒྱད་པ། གཤམ་གསལ་གནས་ཚུལ་གྱི་རིགས་གང་རུང་ཞིག་ཡོད་ཚེ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གོ་གནས་ངེས་པར་དུ་རང་ཤུགས་སུ་འཛིན་མཚམས་འཇོག་དགོས་པ་སྟེ།
(གཅིག)བྱ་སྤྱོད་སྤེལ་ནུས་ཤོར་བའི་རིགས་དང་།
(གཉིས)ཉེས་ཁྲིམས་ཀྱི་ཆད་པ་ཕོག་པའི་རིགས།
(གསུམ)གར་སོང་ཆ་མེད་སོང་བ་དང་། ཤི་བའམ་ཡང་ན་རང་བཞིན་དུ་ཤི་བ་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་རིགས།
(བཞི)ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུས་དམངས་གཙོའི་དཔྱད་གླེང་བྱས་པ་དེ་ལོ་གཉིས་བསྟུད་མར་ལས་གོ་མི་འཕེར་བ་ཡིན་པའི་རིགས།
(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་གི་རིགས་བཅས་སོ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་བཀག་ཉར་བྱས་ཚེ་ངེས་པར་དུ་གོ་གནས་འཁུར་འཚམས་འཇོག་དགོས།
ལེའུ་བཞི་པ། ཡུལ་མིའི་ཚོགས་འདུ་དང་ཡུལ་མིའི་འཐུས་མི་ཚོགས་འདུ།
དོན་ཚན་བཅུ་དགུ་པ། ཡུལ་མིའི་ཚོགས་འདུ་དེ་གྲོང་ཚོ་དེ་གའི་ཧྲིལ་ལོ་18ཡན་གྱི་ཡུལ་མི་ལས་གྲུབ་རྒྱུ། ཡུལ་མིའི་ཚོགས་འདུ་དེ་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་སྐོང་ཚོགས་བྱེད་རྒྱུ། ཡུལ་མི་བཅུ་ཆ་གཅིག་ཡན་ནམ་ཡང་ན་ཡུལ་མིའི་འཐུས་མི་གསུམ་ཆ་གཅིག་ཡན་གྱིས་གྲོས་འགོ་བཏོན་ཚེ་ངེས་པར་དུ་ཡུལ་མིའི་ཚོགས་འདུ་སྐོང་ཚོགས་བྱེད་དགོས། ཡུལ་མིའི་ཚོགས་འདུ་སྐོང་ཚོགས་བྱེད་སྐབས་ངེས་པར་དུ་གྲོང་ཚོ་དེ་གའི་ཧྲིལ་ལོ་18ཡན་གྱི་ཡུལ་མི་ཕྱེད་ཀ་ཡན་ནམ་ཡང་ན་གྲོང་ཚོ་དེ་གའི་གསུམ་ཆ་གཉིས་ཡན་གྱི་དུད་ཚང་གི་འཐུས་མི་ཞུགས་དགོས་པ་དང་། གཏན་འབེབས་བྱས་པར་ངེས་པར་དུ་ཚོགས་ཞུགས་མི་སྣ་ཕྱེད་ཀ་ཡན་གྱི་གྲོས་འཆམ་ཐུབ་པ་བྱེད་དགོས།
དོན་ཚན་ཉི་ཤུ་པ། ཡུལ་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཤམ་གསལ་དོན་གནད་ཁག་ཡུལ་མིའི་ཚོགས་འདུའི་ཐོག་གྲོས་བསྡུར་གཏན་འཁེལ་བྱུང་རྗེས་བསྒྲུབས་ཆོག་པ་སྟེ།
(གཅིག)ཡུལ་མི་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱེད་རྒྱུ་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་དོན་ལ་དཔྱད་གླེང་བྱེད་རྒྱུ་དང་།
(གཉིས)གྲོང་ཚོ་དེ་གའི་སྤྱི་ཕན་བྱ་གཞག་འཛུགས་གཉེར་དང་། མ་དངུལ་དང་ངལ་རྩོལ་གྲབས་གསོག་གི་ཇུས་གཞི་དང་། འཛུགས་སྐྲུན་འགན་གཙང་སྤྲོད་ལེན་གྱི་ཇུས་གཞི། མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་འཛུགས་པའི་ཇུས་གཞི་དང་དེ་བཞིན་འགན་གཙང་སྤྲོད་ལེན་གྱི་ཇུས་གཞི།
(གསུམ)ས་ཆ་འགན་གཙང་སྤྲོད་ལེན་དང་བརྒྱུད་བཤུག་གཉེར་སྐྱོང་གི་ཇུས་གཞི།
(བཞི)ས་ཆ་བསྡུ་སྤྱོད་ཀྱི་ཁ་གསབ་བེད་སྤྱོད་དང་བགོ་བཤའ་རྒྱག་པའི་ཇུས་གཞི།
(ལྔ)མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བེད་སྤྱོད་དང་། བུན་གཡར་དང་ཡང་ན་བོགས་གཏོང་ངམ་ཡང་ན་བྱེད་སྟངས་གཞན་དག་ལ་བརྟེན་ནས་མཉམ་སྡེབ་རྒྱུ་ནོར་ཐག་གཅོད་བྱེད་རྒྱུ།
(དྲུག)ཡུལ་མི་ཨུ་ཡོན་ལྷན་ཁང་གི་འཚམ་མཐུན་མེད་པའི་གཏན་འབེབས་མེད་པ་བཟོ་རྒྱུའམ་ཡང་ན་འགྱུར་ལྡོག་གཏོང་རྒྱུ།
(བདུན)ཡུལ་མིའི་རང་སྐྱོང་སྒྲིག་ཡིག་དང་ཡུལ་སྲོལ་དམངས་ཆིངས་བཟོ་བ་དང་དག་བཅོས་རྒྱག་རྒྱུ།
(བརྒྱད)ངེས་པར་དུ་ཡུལ་མིའི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ནས་གཏན་འཁེལ་བྱེད་དགོས་པ་ཡུལ་མིས་ངོས་འཛིན་བྱུང་བའི་ཡུལ་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་གནད་གཞན་དག་བཅས་སོ། ཡུལ་མིའི་ཚོགས་འདུས་ཁྲིམས་བཞིན་ཡུལ་མིའི་འཐུས་མི་ཚོགས་འདུར་གོང་གསལ་གཏན་འབེབས་ནང་འཁོད་དོན་གནད་ལ་གྲོས་བསྡུར་གཏན་འབེབས་བྱེད་རྒྱུའི་དབང་ཆ་སྤྲད་ན་འགྲིག
དོན་ཚན་ཉེར་གཅིག་པ། ཡུལ་མིའི་འཐུས་མི་ཚོགས་འདུ་དེ་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་སྐོང་ཚོགས་བྱེད་རྒྱུ། ཡུལ་མིའི་འཐུས་མི་དེ་ཁྱིམ་དུད་རེ་ནས་མི་རེ་འོས་འདེམས་བྱེད་རྒྱུ། ཡུལ་མིའི་འཐུས་མི་ཚོགས་འདུ་དེ་ལོ་རེར་ཉུང་མཐར་ཡང་ཐེངས་གཉིས་སྐོང་ཚོགས་བྱེད་རྒྱུ། ཡུལ་མིའི་འཐུས་མི་ལྔ་ཆ་གཅིག་ཡན་གྱིས་གྲོས་འགོ་བཏོན་ཚེ་ངེས་པར་དུ་ཡུལ་མིའི་འཐུས་མི་ཚོགས་འདུ་སྐོང་ཚོགས་བྱེད་དགོས། ཡུལ་མིའི་འཐུས་མི་ཚོགས་འདུ་དེ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཡུལ་མིའི་འཐུས་མི་ལས་གྲུབ་རྒྱུ། ཡུལ་མིའི་འཐུས་མི་ཚོགས་འདུར་ཞུགས་མཁན་གྲུབ་ཁོངས་མི་སྣ་གསུམ་ཆ་གཉིས་ཡན་ཡོད་ཚེ་གཞི་ནས་ཚོགས་འདུ་སྐོང་ཚོགས་བྱས་ཆོག་པ་དང་། གཏན་འབེབས་བྱས་པར་ངེས་པར་དུ་ཚོགས་ཞུགས་ཁོངས་མི་ཕྱེད་ཀ་ཡན་གྱི་གྲོས་འཆམ་ཐོབ་དགོས།
དོན་ཚན་ཉེར་གཉིས་པ། ཡུལ་མིའི་ཚོགས་འདུ་དང་ཡུལ་མིའི་འཐུས་མི་ཚོགས་འདུ་འཚོགས་སྐབས་དགོས་མཁོར་གཞིགས་ནས་གྲོང་ཚོ་དེ་གར་བཅའ་སྡོད་བྱེད་མཁན་གྱི་ཁེ་ལས་དང་། བྱ་གཞག་སྡེ་ཚན། མང་ཚོགས་རྩ་འཛུགས་བཅས་ཀྱི་འཐུས་མི་བཏང་ནས་ཟུར་ཞུགས་བྱེད་རྒྱུར་གདན་ཞུ་བྱས་ཆོག
ལེའུ་ལྔ་པ། དམངས་གཙོའི་དོ་དམ་དང་དམངས་གཙོའི་ལྟ་སྐུལ།
དོན་ཚན་ཉེར་གསུམ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མང་ཁ་ཉུང་ཉན་གྱི་དམངས་གཙོའི་ཇུས་ཐག་གཅོད་པའི་ལམ་སྲོལ་དང་ཡོངས་བསྒྲགས་གསལ་ཆེའི་ལས་ཀའི་རྩ་དོན་ལག་བསྟར་བྱས་ཏེ་ལས་ཀའི་ལམ་ལུགས་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
དོན་ཚན་ཉེར་བཞི་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་གྲོང་དོན་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་བྱས་ཏེ་ཡུལ་མིའི་ལྟ་སྐུལ་དང་ལེན་ཞུ་དགོས། གྲོང་དོན་ཡོངས་བསྒྲགས་བྱེད་པའི་དོན་གནད་གཙོ་བོ་ནི།
(གཅིག)ཡུལ་མིའི་ཚོགས་འདུ་དང་ཡུལ་མིའི་འཐུས་མི་ཚོགས་འདུའི་ཐོག་གྲོས་བསྡུར་གཏན་འཁེལ་བྱས་པའི་དོན་གནད་དང་དེ་ལག་བསྟར་བྱས་ཚུལ་དང་།
(གཉིས)རིམ་ཁག་མི་དམངས་སྲིད་གཞུང་གིས་སྤྲད་པའི་ཁ་གསབ་མ་དངུལ་བེད་སྤྱོད་བྱས་ཚུལ།
(གསུམ)སྤྱི་ཚོགས་ཀྱིས་ཞལ་འདེབས་ཕུལ་བའི་གེགས་སེལ་རོགས་སྐྱོབ་སོགས་ཀྱི་མ་དངུལ་དང་དངོས་ཟོག་ལ་དོ་དམ་དང་བེད་སྤྱོད་བྱས་ཚུལ།
(བཞི)གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་འགན་ལེན་ལྔའི་འཚོ་སྐྱོང་སོགས་དོན་འཁྱོལ་བྱས་ཚུལ།
(ལྔ)ཡུལ་མི་ཨུ་ཡོན་ལྷན་ཁང་གིས་གནས་སའི་མི་དམངས་སྲིད་གཞུང་ལ་ལས་དོན་སྤེལ་རོགས་བྱས་ཚུལ།
(དྲུག)གྲོང་ཚོ་དེ་གའི་ཡུལ་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། ཡུལ་མིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་དོན་གནད་གཞན་དག་བཅས་སོ། སྤྱིར་བཏང་གི་ནོར་དོན་གཏོང་ཡོང་གནས་ཚུལ་དེ་ལོ་རེར་ཉུང་མཐར་ཡང་ཡོངས་བསྒྲགས་ཐེངས་གཉིས་བྱེད་དགོས་པ་དང་། ཡུལ་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་དོན་གནད་རིགས་ངེས་པར་དུ་འཕྲལ་མར་ཡོངས་བསྒྲགས་བྱེད་དགོས། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཡོངས་བསྒྲགས་བྱས་པའི་དོན་གནད་དེ་དྲང་བདེན་ཡིན་པའི་འགན་ལེན་བྱེད་དགོས་པ་མ་ཟད་ཡུལ་མིའི་རྩད་ཞིབ་ཀྱང་དང་ལེན་བྱེད་དགོས།
དོན་ཚན་ཉེར་ལྔ་པ། གྲོང་ཚོར་ངེས་པར་དུ་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་དགོས་པ་དང་། དེའི་ཁོངས་མི་ནི་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུས་ཡུལ་མིའི་ཁྲོད་ནས་བདམས་ཐོན་བྱེད་རྒྱུ་དང་། དེས་ཡུལ་མིའི་ཚོགས་འདུ་དང་ཡུལ་མིའི་འཐུས་མི་ཚོགས་འདུར་འགན་འཁུར་དགོས་པ་མ་ཟད་ལས་དོན་སྙན་སེང་ཡང་ཞུ་དགོས། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཟུར་ཞུགས་བྱེད་ཆོག ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་དེའི་གཉེན་ཉེས་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་འཁུར་མི་ཆོག
དོན་ཚན་ཉེར་དྲུག་པ། གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་གཙོ་བོ་ནི།
(གཅིག)ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཡུལ་མི་རང་སྐྱོང་གི་ལས་དོན་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་ལྟ་སྐུལ་བྱེད་རྒྱུ་དང་།
(གཉིས)ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུའི་གཏན་འབེབས་དང་གྲོས་ཆོད་ལག་བསྟར་བྱེད་པར་ལྟ་སྐུལ་དང་ཞིབ་བཤེར་བྱེད་རྒྱུ།
(གསུམ)ནོར་དོན་རྩིས་ཁྲ་དང་འབྲེལ་ཡོད་དཔལ་འབྱོར་ལས་སྒོའི་དོན་གནད་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་རྒྱུ།
(བཞི)མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་དང་ནོར་དོན་རྩིས་པས་ནོར་དོན་ལམ་ལུགས་ལག་བསྟར་དང་ནོར་དཔལ་སྒྲིག་ལམ་ལ་བརྩི་སྲུང་ཞུ་ཚུལ་ཐད་ལྟ་སྐུལ་བྱེད་རྒྱུ།
(ལྔ)གྲོང་དོན་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་རྒྱུ།
(དྲུག)ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་འཁྲི་བསྒྲུབས་ཚུལ་ལ་དམངས་གཙོའི་དཔྱད་གླེང་གཙོ་སྐྱོང་བྱེད་རྒྱུ།
(བདུན)ཡུལ་མི་ཨུ་ཡོན་ལྷན་ཁང་ལ་ཡུལ་མིའི་ལུགས་མཐུན་གྱི་བསམ་འཆར་དང་གྲོས་འཆར་སྙན་སེང་ཞུ་རྒྱུ་མ་ཟད་ཡུལ་མི་ཨུ་ཡོན་ལྷན་ཁང་ནས་དུས་ཐོག་ཏུ་སྒྲུབ་གཉེར་བྱེད་པར་ལྟ་སྐུལ་བྱེད་རྒྱུ།
(བརྒྱད)གྲོང་ཚོ་དེ་གའི་ཡུལ་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། ཡུལ་མིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་དོན་གནད་གཞན་དག་རིགས་ལ་ལྟ་སྐུལ་བྱེད་རྒྱུ་བཅས་ཡིན། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལ་གོང་གསལ་གཏན་འབེབས་ནང་འཁོད་ཀྱི་འགན་འཁྲི་སྒྲུབ་པར་མཛུབ་ཁྲིད་བྱེད་དགོས།
དོན་ཚན་ཉེར་བདུན་པ། གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ལས་ཆག་ཁ་གསབ་སྤྲོད་རྒྱུ་ཡིན་ཞིང་། ཁ་གསབ་སྤྲོད་རྒྱུའི་ཚད་གཞི་དེ་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུས་གཏན་འཁེལ་བྱེད་རྒྱུ་དང་། ལས་ཆག་ཁ་གསབ་དེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་ཀའི་གྲོན་དངུལ་ནས་གཏོང་རྒྱུ།
དོན་ཚན་ཉེར་བརྒྱད་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གྲོང་དོན་ཡིག་ཚགས་འཛུགས་དགོས། གྲོང་དོན་ཡིག་ཚགས་ནང་འདེམས་བསྐོའི་ཡིག་ཆ་དང་འདེམས་ཤོག ཚོགས་འདུའི་ཟིན་ཐོ། དེ་བཞིན་ས་ཆ། རྩྭ་ར། ནགས་ཁུལ་བཅས་འགན་གཙང་སྤྲོད་པའི་ཇུས་གཞི་དང་འགན་གཙང་བླངས་པའི་གན་རྒྱ། དཔལ་འབྱོར་གན་རྒྱ། མཉམ་སྡེབ་ནོར་དོན་གྱི་རྩིས་ཁྲ། མཉམ་སྡེབ་རྒྱུ་ནོར་གྱི་ཐོ་འགོད་ཡིག་ཆ། སྤྱི་ཕན་སྒྲིག་བཀོད་ཀྱི་གཞི་རྩའི་དཔྱད་ཡིག གཞི་རྩའི་འཛུགས་སྐྲུན་གྱི་དཔྱད་ཡིག སྡོད་ཁང་གི་ས་ཆ་སྤྱོད་པའི་ཇུས་གཞི། ས་ཆ་བསྡུ་སྤྱོད་ཀྱི་རིན་གསབ་གྲོན་དངུལ་བེད་སྤྱོད་དང་བགོ་འགྲེམས་ཀྱི་ཇུས་གཞི་སོགས་ཚུད་དགོས། གྲོང་དོན་ཡིག་ཚགས་དེ་ངེས་པར་དུ་བདེན་པ་བདེན་ཐུབ་དང་། གནད་འཕིགས། ཆ་ཚང་བ། ཚད་ལྡན་བཅས་ཡིན་དགོས། གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་གྲོང་དོན་ཡིག་ཚགས་ལ་ལྟ་བཤེར་བྱེད་པ་དང་འབྲེལ་ཡོད་དོན་གནད་རྩད་འདྲི་བྱེད་པར་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས།
དོན་ཚན་ཉེར་དགུ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་འགན་ཡུན་འཁུར་རིང་དང་སྐབས་ཐིམ་རྗེས་ཀྱི་དཔལ་འབྱོར་གྱི་འགན་འཁྲི་རྩིས་བཤེར་བྱེད་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་ཡུན་འཁུར་རིང་དང་སྐབས་ཐིམ་རྗེས་ཀྱི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་བྱེད་རྒྱུ་དེ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་། རྩིས་བཤེར་བྱས་འབྲས་ངེས་པར་དུ་ཡོངས་བསྒྲགས་བྱེད་དགོས། དེའི་ནང་གི་སྐབས་ཐིམ་རྗེས་ཀྱི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་བྱས་འབྲས་ངེས་པར་དུ་སྐབས་རྗེས་མའི་ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་མ་བྱས་གོང་ཡོངས་བསྒྲགས་བྱེད་དགོས།
ལེའུ་དྲུག་པ། ཞར་བྱུང་།
དོན་ཚན་སུམ་ཅུ་པ། བྱ་ཐབས་འདི་2012ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱས། 1993ལོའི་ཟླ་12ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉(ཚོད་ལྟར་སྤྱོད་རྒྱུ)ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣