དབུ་ཤོག>སྲིད་དོན།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-14

    (1993ལོའི་ཟླ་12ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བ། 2020ལོའི་ཟླ་9ཚེས་27ཉིན་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་བཟོ་བཅོས་བྱས་པ)

    དོན་ཚན་དང་པོ། གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་གཞི་རིམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་དཔལ་ཡོན་གཉིས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། གྲོང་མི་ཨུ་ཡོན་ལྷན་ཁང་ནི་གཞི་རིམ་གྱི་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཤིག་ཡིན། གྲོང་མི་ཨུ་ཡོན་ལྷན་ཁང་གིས་རང་གིས་རང་ལ་དོ་དམ་བྱེད་པ་དང་། རང་གིས་རང་ལ་སློབ་གསོ་རྒྱག་པ། རང་གིས་རང་ལ་ཞབས་འདེཌ་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    དོན་ཚན་གསུམ་པ། གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཆུད་བཙུགས་པའི་གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཁོངས་གཏོགས་ཆུད་ནང་གི་མི་དམངས་སྲིད་གཞུང་དང་དེའི་མངགས་གཏོང་ལས་ཁུངས་ཀྱི་མཛུབ་ཁྲིད་དང་། རོགས་རམ། རྒྱབ་སྐྱོར་བཅས་ཀྱི་འོག་ཏུ་ལས་དོན་སྒྲུབ་དགོས། གྲོང་རྡལ་ཁོངས་གཏོགས་ནང་གི་གྲོང་མི་ཨུ་ཡོན་ལྷན་ཁང་གིས་གྲོང་རྡལ་མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་དང་། རོགས་རམ། རྒྱབ་སྐྱོར་བཅས་ཀྱི་འོག་ཏུ་ལས་དོན་སྒྲུབ་དགོས། གྲོང་མི་ཨུ་ཡོན་ལྷན་ཁང་གིས་ས་ཆ་དེ་གའི་མི་དམངས་སྲིད་གཞུང་ངམ་དེའི་མངགས་གཏོང་ལས་ཁུངས་ལ་གཞོགས་འདེགས་ཞུས་ནས་ལས་དོན་སྒྲུབ་དགོས།

    དོན་ཚན་བཞི་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་འགན་ནི།

    (གཅིག)རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། དེ་བཞིན་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ་དང་། གྲོང་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། གྲོང་མིར་སྒྲིག་བཀུར་ཁྲིམས་སྲུང་དང་། མི་རིགས་མཐུན་སྒྲིལ་ཟབ་གཏོང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་། སྤྱི་པའི་རྒྱུ་ནོར་ལ་གཅེས་སྤྲས། ཁྲིམས་ལྟར་འཁུར་དགོས་པའི་འོས་འགན་སྒྲུབ་པ་བཅས་བྱེད་དགོས་པའི་སློབ་གསོ་རྒྱག་རྒྱུ་དང་།

    (གཉིས)གྲོང་མིའི་སྤྱི་ཆིངས་བཟོ་འབེབས་བྱེད་རྒྱུའི་ཐད་སྒྲིག་འཛུགས་དང་ལྟ་སྐུལ་བྱས་ཏེ“ཡ་རབས་ཀྱི་གྲོང་མི”དང“ཡ་རབས་ཀྱི་སྒོ་ར” “བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང”གཏོད་པ་སོགས་སྤྱི་ཚོཌ་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གྱི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་རྒྱུ།

    (གསུམ)གྲོང་མི་སྒྲིག་འཛུགས་བྱས་ཏེ་མི་དམངས་ལ་སྟབས་བདེ་ཞིང་ཕན་འདོགས་པའི་སྡེ་ཁུལ་གྱི་ཞབས་ཞུའི་དྲ་རྒྱ་སྣ་ཚོགས་བཙུགས་ཐོག ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་དང་འཚོ་བའི་ཞབས་ཞུ་དང་མི་རིགས་ཀྱི་ལག་ཤེས་བཟོ་ལས་གཉེར་སྐྱོང་བྱས་ཏེ་གྲོང་མི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ།

    (བཞི)གནས་སྡོད་ཁུལ་དེ་གའི་གྲོང་མིའི་སྤྱི་པའི་ལས་དོན་བསྒྲུབ་རྒྱུ་དང་། སྲིད་གཞུང་ལ་གཞོགས་འདེགས་ཀྱིས་མི་ཧྲེང་དང་། རྒན་འཁོགས། དབང་པོ་སྐྱོན་ཅན། བྱིས་པ་བཅས་ཀྱི་འཚོ་བར་འགན་སྲུང་བྱེད་པ་དང་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ།

    (ལྔ)དམངས་ཁྲོད་ཀྱི་རྩོད་གཞི་འདུམ་འགྲིག་བྱས་ཏེ་གྲོང་མི་ཕན་ཚུན་དང་གྲོང་མི་ཨུ་ཡོན་ལྷན་ཁང་དབར་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ།

    (དྲུག)སྤྱི་བདེ་དང་ཁྲིམས་འཛིན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དང་། ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱེད་རྒྱུ། ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་རྒྱུ། དེ་བཞིན་སྤྱི་ཚོགས་དང་། ཐོན་སྐྱེད། འཚོ་བ་བཅས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ།

    (བདུན)སྤྱི་བདེ་དང་ཁྲིམས་འཛིན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་དང་། གཅུན་འདོམས་བྱེད་པ། དེ་བཞིན་ཁྲིམས་ཆད་ཕྱིར་འགྱངས་དང་། དངོས་མིན་བཙོན་འགྲོལ། ཁག་ཁུར་བཙོན་འདོན་སྨན་བཅོས། ཁག་ཁྱེར་འདྲི་སྒུག་བཅས་བྱེད་པའི་མི་སྣར་ལྟ་སྐུལ་དང་སློབ་གསོ་རྒྱག་རྒྱུ།

    (བརྒྱད)གནས་སྡོད་ཁུལ་དེ་གའི་ཚན་པ་དང་གྲོང་མི་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་བྱེད་སྒོ་སྤེལ་རྒྱུ་དང་། དེའི་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་གཞུང་དང་མི་མང་འདུ་འཛོམས་བྱེད་སའི་གཙང་སྦྲ་ལེགས་འཁྱོངས་བྱེད་རྒྱུ།

    (དགུ)གྲོང་མིར་སློབ་གསོ་བརྒྱབ་ནས་དཀའ་སྤྱད་བབ་ཆགས་དང་ཧུར་བསྲིས་ཁྱིམ་སྐྱོང་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་སྟེ་གྲོན་ཆུང་བསྲི་ཚགས་ཀྱིས་གཉེན་སྒྲིག་རྟེན་འབྲེལ་དང་འདས་འཇུག་སྒྲུབ་ལུགས་དར་སྤེལ་ཤུགས་ཆེན་བཏང་ཐོག ཡུལ་སྲོལ་བསྒྱུར་ནས་ཚན་རིག་དང་ཤེས་དཔལ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་གསར་དར་སྤེལ་གཏོང་རྒྱུ།

    (བཅུ)གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རིམ་མི་དམངས་སྲིད་གཞུང་ངམ་དེའི་མངགས་གཏོང་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་སློབ་གསོ་དང་། དམག་བཀུར་ཁྱིམ་སྐྱོང་། སྤྱི་ཚོགས་རྒུད་སྐྱོབ། འཆར་ལྡན་བུ་བཙའ། གྲོང་དོན་དོ་དམ་བཅས་དང་། དེ་བཞིན་ལས་སྒུག་པ་དང་། ཁྲིམས་ཆད་ཀྱི་དུས་ཚད་ཐིམ་ནས་གློད་བཀྲོལ་བཏང་བ་དང་ངལ་རྩོལ་གཅུན་འདོམས་ཀྱི་དུས་ཚད་ཐིམ་པ་བཅས་ཀྱི་མི་སྣའི་ལས་ཞུགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ།

    (བཅུ་གཅིག)གྲོང་མི་སྒྲིག་འཛུགས་བྱས་ཏེ་སྤྱི་ཚོགས་ཀྱི་ལས་དོན་ལ་དམངས་གཙོའི་དོ་དམ་བྱེད་རྒྱུར་ཧུར་ཐག་ཞུགས་པ་མ་ཟད། མི་དམངས་སྲིད་གཞུང་ངམ་དེའི་མངགས་གཏོང་ལས་ཁུངས་ལ་གྲོང་མིའི་བསམ་འཆར་དང་། རེ་འདུན། གྲོས་འཆར་བཅས་སྙན་སེང་ཞུ་རྒྱུ་བཅས་སོ།

    དོན་ཚན་ལྔ་པ། གྲོང་མིའི་གནས་སྡོད་བྱེད་ཚུལ་དང་རང་སྐྱོང་བྱེད་བདེ་བའི་རྩ་དོན་གཞིར་བཟུང་། གྲོང་མི་ཨུ་ཡོན་ལྷན་ཁང་དེ་སྤྱིར་ཐེམ་དུད་100ནས་700བར་གྱི་ཁྱབ་ཁོངས་ནང་འཛུགས་རྒྱུ། གྲོང་རྡལ་མི་དམངས་སྲིད་གཞུང་གནས་སར་གྲོང་མི་ཐེམ་དུད་100མན་ཡོད་པའི་རིགས་ལ། གནས་སའི་མི་དམངས་སྲིད་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་གྲོང་མི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།

    དོན་ཚན་དྲུག་པ། གྲོང་མི་ཨུ་ཡོན་ལྷན་ཁང་གསར་འཛུགས་དང་། ཕྱིར་འཐེན། གཞི་ཁྱོན་ལེགས་སྒྲིག་བཅས་བྱེད་རྒྱུ་དེ་ནི་ཁྲོམ་གཞུང་དོན་གཅོད་ཁྲུའུའམ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་འཆར་གཞི་བཏོན་ཏེ་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུད་དམ་ཡང་ན་ས་གནས་དེ་གའི་རྫོང་མི་དམངས་སྲིད་གཞུང་ལ་གཏན་འབེབས་བྱེད་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་ལ་སྙན་ཐོ་དཔོད་རྒྱུ།

    དོན་ཚན་བདུན་པ། གྲོང་མི་ཨུ་ཡོན་ལྷན་ཁང་གིས་དངོས་ཡོད་དགོས་མཁོར་གཞིགས་ཏེ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་། སྤྱི་ཚོགས་འགན་སྲུང་ཨུ་ཡོན་ལྷན་ཁང་། བདེ་འཇགས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། འཕྲོད་བསྟེན་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྩ་འཛུགས་འཛུགས་རྒྱུ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མངའ་འོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་བྱས་ཆོག ཐེམ་གྲངས་མང་པོ་མེད་པའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་མངའ་འོག་ཏུ་ཨུ་ཡོན་ལྷན་ཁང་འཛུགས་མི་དགོས་ཤིང་། དེའི་ལས་དོན་རྣམས་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཁོངས་མིར་ལས་བགོས་བརྒྱབ་ནས་འགན་འཁུར་དུ་འཇུག་དགོས།

    དོན་ཚན་བརྒྱད་པ། གྲོང་མི་ཨུ་ཡོན་ལྷན་ཁང་གིས་གྲོང་མིའི་གནས་སྡོད་བྱེད་ཚུལ་དང་དོ་དམ་བྱེད་བདེ་བའི་རྩ་དོན་ལ་གཞིགས་ཏེ་མངའ་འོག་ཏུ་གྲོང་མིའི་ཚོགས་ཆུང་འཛུགས་རྒྱུ། གྲོང་མིའི་ཚོགས་ཆུང་ཁག་བགོས་བྱེད་རྒྱུ་དེ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་འཆར་གཞི་བཏོན་ནས་ཁྲོམ་གཞུང་དོན་གཅོད་ཁྲུའུའམ་གྲོང་རྡལ་མི་དམངས་སྲིད་གཞུང་ལ་གཏན་འབེབས་བྱེད་རོགས་ཞུ་རྒྱུ།

    དོན་ཚན་དགུ་པ། གྲོང་མི་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཁྱོན་བསྡོམས་མི་གསུམ་ནས་ལྔ་བར་ལས་འགྲུབ་རྒྱུ་ཡིན་ཞིང་། ཞིབ་ཕྲའི་མི་གྲངས་ཐད་ས་ཆ་དེ་གའི་མི་དམངས་སྲིད་གཞུང་ངམ་དེའི་མངགས་གཏོང་ལས་ཁུངས་ཀྱིས་གྲོང་མི་ཨུ་ཡོན་ལྷན་ཁང་གི་གཞི་ཁྱོན་ཆེ་ཆུང་དང་། ལས་འགན། དཔལ་འབྱོར་གྱི་གནས་ཚུལ་བཅས་ལ་གཞིགས་ཏེ་གཏན་འཁེལ་བྱེད་རྒྱུ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲས་སུ་བུད་མེད་ཀྱི་མིང་སྐལ་འོས་འཚམ་དགོས་པ་དང་། མི་རིགས་མང་པོ་གནས་སྡོད་བྱེད་ཁུལ་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་ནང་ངེས་པར་དུ་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཁོངས་མི་ཡོད་དགོས།

    དོན་ཚན་བཅུ་པ། བོད་རིགས་ཕུད་པའི་གྲངས་ཉུང་མི་རིགས་གཞན་དག་འདུས་སྡོད་བྱེད་ཁུལ་དུ་གྲོང་མི་ཨུ་ཡོན་ལྷན་ཁང་ལོགས་སུ་བཙུགས་ཆོག་པ་དང་། ཐེམ་གྲངས་ཅུང་ཉུང་བའི་ཁུལ་དུ་གྲོང་མིའི་ཚོགས་ཆུང་ལོགས་སུ་བཙུགས་ཆོག

    དོན་ཚན་བཅུ་གཅིག་པ། གནས་སྡོད་ཁུལ་དེ་གའི་གྲོང་མིས་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཐད་ཀར་བདམས་ཐོན་བྱེད་རྒྱུ། འདེམས་བསྐོ་བྱེད་སྐབས་ངེས་པར་དུ་འདེམས་དམངས་ཡོངས་ཀྱི་ཕྱེད་གྲངས་ཡན་གྱིས་མོས་མཐུན་བྱུང་ཚེ་གཞི་ནས་བདམས་ཐོན་བྱུང་བར་བརྩི་ཆོག

    དོན་ཚན་བཅུ་གཉིས་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ནི་ལོ་ལྔ་ཡིན་པ་དང་། དེའི་ཁོངས་མི་མུ་མཐུད་འདེམས་པ་དང་མུ་མཐུད་གོ་གནས་ཁུར་ན་འགྲིག ཁོངས་མི་མ་ཚང་བའམ་ཡང་ན་རྒྱུ་མཚན་གཞན་དག་གི་རྐྱེན་པས་མུ་མཐུད་གོ་གནས་འཁུར་མི་ཐུབ་པའི་སྐབས། གྲོང་མིའི་ཚོགས་འདུས་འཕྲལ་དུ་གསབ་འདེམས་བྱེད་རྒྱུ། གྲོང་མིའི་ཚོགས་ཆུང་གི་ཙུའུ་ཀྲང་དེ་གྲོང་མིས་འོས་འདེམས་བྱེད་རྒྱུ་དང་། འགན་ཡུན་ལོ་ལྔ་ཡིན་པ། མུ་མཐུད་འདེམས་པ་དང་མུ་མཐུད་གོ་གནས་ཁུར་ན་འགྲིག

    དོན་ཚན་བཅུ་གསུམ་པ། ཁྲོམ་གཞུང་དོན་གཅོད་ཁྲུའུ་འམ་གྲོང་རྡལ་མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་འོག་འདེམས་བསྐོའི་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ་མ་ཟད། དེའི་གཙོ་སྐྱོང་འོག་གྲོང་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་དོན་སྤེལ་རྒྱུ།

    དོན་ཚན་བཅུ་བཞི་པ། གནས་སྡོད་ཁུལ་དེ་གའི་ཧྲིལ་ལོ་18ཟིན་པའི་གྲོང་མི་ཡིན་ཕྱིན་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། གཞི་ཁུངས། ཆོས་དད། སློབ་གསོ་ཐོབ་ཚད། རྒྱུ་ནོར་གནས་ཚུལ་བཅས་ལ་མ་བལྟོས་པར་ཚང་མར་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད། འོན་ཀྱང་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི་དེའི་ཁོངས་སུ་ཚུད་མེད།

    དོན་ཚན་བཅོ་ལྔ་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་དེ་འདེམས་དམངས་བཅུ་ཡན་གྱིས་མཉམ་འབྲེལ་ཐོག་ནས་འོས་སྦྱོར་རམ་གྲོང་མིའི་ཚོགས་ཆུང་གིས་མིང་འདོན་བྱེད་རྒྱུ། ཡང་ན་འདེམས་བསྐོའི་འགོ་ཁྲིད་ཚོགས་ཆུང་གིས་མིང་འདོན་བྱེད་རྒྱུ། འོས་མི་དེ་ངེས་པར་དུ་ཧྲིལ་ལོ་18ཡན་ཡིན་དགོས་ཤིང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། སྒྲིག་བརྩི་ཁྲིམས་སྲུང་། དྲང་བཞག་ལས་སྒྲུབ། མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱེད་པ་མ་ཟད། ལས་ཀའི་འཇོན་ཐང་ངེས་ཅན་ལྡན་པའི་གྲོང་མི་ཞིག་ཡིན་དགོས། འོས་མིའི་མིང་ཐོ་རྣམས་ངེས་པར་དུ་རྩ་ཚིག་སྦྱར་ནས་ཡོངས་བསྒྲགས་བྱེད་དགོས་ཤིང་། འདེམས་དམངས་མང་ཆེ་བའི་བསམ་འཆར་ལ་གཞིགས་ནས་དངོས་གཞིའི་འོས་མི་གཏན་འཁེལ་བྱེད་རྒྱུ།

    དོན་ཚན་བཅུ་དྲུག་པ། གྲོང་མི་ཨུ་ཡོན་ལྷན་ཁང་གིས་དམངས་གཙོའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་སྐབས་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་དམངས་གཙོ་དར་སྤེལ་གང་ལེགས་བཏང་སྟེ་བསམ་འཆར་མི་འདྲ་བ་གཟབ་ནན་ངང་ཉན་པ་དང་། མང་ཁ་ཉུང་ཉན་གྱི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ།

    དོན་ཚན་བཅུ་བདུན་པ། གྲོང་མིའི་ཚོགས་འདུ་ནི་གནས་སྡོད་ཁུལ་དེ་གའི་ཧྲིལ་ལོ་18ཡན་ཡིན་པའི་གྲོང་མི་ལས་གྲུབ་པ་དང་། གྲོང་མིའི་འཐུས་མི་ཚོགས་འདུ་དེ་ཐེམ་དུད་རེ་རེའམ་དུད་འབྲེལ་ནས་འཐུས་མི་མངགས་པ་ལས་གྲུབ་རྒྱུ།

    དོན་ཚན་བཅོ་བརྒྱད་པ། གྲོང་མིའི་ཚོགས་འདུའམ་ཡང་ན་གྲོང་མིའི་འཐུས་མི་ཚོགས་འདུ་དེ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོགས་དང་གཙོ་སྐྱོང་བྱེད་རྒྱུ་དང་། སྤྱིར་ན་ལོ་ཕྱེད་རེར་ཐེངས་རེ་འཚོག་རྒྱུ། དགོས་ངེས་སྐབས་གྲོང་མི་ལྔ་ཆ་གཅིག་ཡན་ནམ་གྲོང་མིའི་ཚོགས་ཆུང་གི་གསུམ་ཆ་གཅིག་ཡན་གྱིས་གྲོས་འགོ་བཏོན་རྗེས་སྐབས་འཕྲལ་འཚོགས་ཆོག གྲོང་མིའི་ཚོགས་འདུའམ་གྲོང་མིའི་འཐུས་མི་ཚོགས་འདུར་གྲོང་མིའམ་འཐུས་མི་མི་གྲངས་ཕྱེད་ཀ་ཡན་ཞུགས་ཚེ་གཞི་ནས་འདེམས་བསྐོ་བྱེད་ཆོག་པ་དང་། ཚོགས་འདུའི་གཏན་འབེབས་ཀྱང་ཚོགས་ཞུགས་མི་གྲངས་ཕྱེད་ཀ་ཡན་གྱི་གྲོས་འཆམ་བྱུང་ཚེ་གཞི་ནས་ནུས་པ་ཐོན་ཐུབ།

    དོན་ཚན་བཅུ་དགུ་པ། གྲོང་མིའི་ཚོགས་འདུའམ་གྲོང་མིའི་འཐུས་མི་ཚོགས་འདུའི་འགན་དབང་སྟེ།

    (གཅིག)གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ཉན་པ་མ་ཟད་གྲོས་ཞིབ་ཀྱང་བྱེད་རྒྱུ་དང་།

    (གཉིས)གནས་སྡོད་ཁུལ་དེ་གའི་སྤྱི་ཕན་བྱ་གཞག་དང་། གོང་འཕེལ་གྱི་འཆར་འགོད། གནས་སྡོད་ཁུལ་དེ་གའི་གྲོང་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་ཆེན་བཅས་ཀྱི་སྐོར་གྲོས་བསྡུར་དང་གཏན་འབེབས་བྱེད་རྒྱུ།

    (གསུམ)གནས་སྡོད་ཁུལ་དེ་གའི་གྲོང་མིའི་སྤྱི་ཕན་བྱ་གཞག་སྤེལ་ཚུལ་ལ་ལྟ་སྐུལ་བྱེད་རྒྱུ།

    (བཞི)གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྗེ་འཐེན་དང་གསབ་འདེམས་བྱེད་རྒྱུ།

    (ལྔ)གྲོང་མིའི་སྤྱི་ཆིངས་གྲོས་བསྡུར་གྱིས་བཟོ་འབེབས་བྱས་ཏེ་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཆུད་མི་དམངས་སྲིད་གཞུང་ངམ་དེའི་མངགས་གཏོང་ལས་ཁུངས། གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ལ་སྙན་ཐོ་དཔོད་དགོས། གྲོང་མིའི་སྤྱི་ཆིངས་དེ་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་དང་འགལ་མི་ཆོག

    དོན་ཚན་ཉི་ཤུ་པ། གྲོང་མི་ཨུ་ཡོན་ལྷན་ཁང་གིས་གྲོང་མི་ཨུ་ཡོན་ལྷན་ཁང་དེ་གའི་རྒྱུ་ནོར་ལ་དོ་དམ་བྱེད་དགོས་པ་ལས། སྡེ་ཚན་དང་ཚན་པ་གང་ཞིག་གིས་ཀྱང་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྒྱུ་ནོར་དང་བདག་དབང་ལ་བཙན་གནོད་གཏོང་མི་ཆོག གྲོང་མི་ཨུ་ཡོན་ལྷན་ཁང་གིས་འཛུགས་གཉེར་བྱས་པའི་རིགས་འདྲ་མིན་གྱི་ཞབས་ཞུའི་ལས་རིགས་དང་ཕན་བདེའི་ལས་རིགས་སོགས་དངོས་གཞིའི་དཔལ་འབྱོར་དེ་དག་གྲོང་མི་མཉམ་སྡེབ་ལ་དབང་བས་ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་གིས་ཀྱང་སྙོམ་འཐེན་དང་རིན་མེད་འཐེན་སྤྱོད་བྱེད་མི་ཆོག

    དོན་ཚན་ཉེར་གཅིག་པ། གྲོང་མི་ཨུ་ཡོན་ལྷན་ཁང་གིས་དངོས་ཡོད་དགོས་མཁོར་གཞིགས་ཏེ་མཉམ་སྡེབ་ཀྱི་སྤྱི་ཕན་བྱ་གཞག་འཛུགས་གཉེར་བྱེད་ཆོག་པ་དང་། དེར་མཁོ་བའི་འགྲོ་གྲོན་ཐད་གྲོང་མིའི་ཚོགས་འདུའམ་གྲོང་མིའི་འཐུས་མི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་རྗེས་རང་མོས་ཀྱི་རྩ་དོན་ལྟར་གྲོང་མིའམ་གནས་སྡོད་ཁུལ་དེ་གའི་ཁེ་ཕན་ཐོབ་མཁན་ཚན་པས་གྲབས་བསྡུ་བྱས་ཆོག གྲོན་དངུལ་གྱི་བྱུང་སོང་རྩིས་ཁྲ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་གྲོང་མིའི་ལྟ་སྐུལ་དང་ལེན་ཞུ་དགོས།

    དོན་ཚན་ཉེར་གཉིས་པ། ལས་ཁུངས་དང་། ཚོགས་པ། དམག་དཔུང་། ཁེ་ལས་དང་བྱ་གཞག་རྩ་འཛུགས་བཅས་གནས་སྡོད་ཁུལ་དེ་གའི་གྲོང་མི་ཨུ་ཡོན་ལྷན་ཁང་ནང་ཞུགས་མི་དགོས། འོན་ཀྱང་འཐུས་མི་མངགས་ནས་ཚན་པ་དེ་གའི་དོན་གནད་དང་འབྲེལ་བ་ཡོད་པའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཞུགས་དགོས་པ་དང་། གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་འབྲེལ་བ་ཡོད་པའི་གྲོང་མིའི་སྤྱི་ཆིངས་ལ་བརྩི་སྲུང་ཞུ་དགོས། གོང་གསལ་ཚན་པའི་ལས་བཟོ་བ་དང་དེའི་ནང་མི། དམག་མི་དང་དེའི་ནང་མི་གནས་སྡོད་ཁུལ་དེ་གའི་གྲོང་མི་ཨུ་ཡོན་ལྷན་ཁང་ལ་ཞུགས་དགོས། དེའི་ནང་མི་འདུས་སྡོད་ཁུལ་དུ་ནང་མི་ཨུ་ཡོན་ལྷན་ཁང་ལོགས་སུ་བཙུགས་ཏེ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲུབ་འགན་ཁུར་ཆོག་ཅིང་། དེའི་ལས་ཀའི་གྲོན་དངུལ་དང་། ཁོངས་མིའི་འཚོ་བའི་ཁ་གསབ། གཞུང་ལས་སྤྱོད་ཁང་བཅས་ནི་ཁོངས་གཏོགས་ཚན་པས་ཐག་གཅོད་བྱེད་རྒྱུ། ལས་བྲལ་ངལ་གསོ་དང་རྒན་ཡོལ་ཞུས་པའི་ལས་བཟོ་བ་འདུས་སྡོད་ཁུལ་དུ་གྲོང་མི་ཨུ་ཡོན་ལྷན་ཁང་ལོགས་སུ་བཙུགས་ཆོག ནང་མི་ཨུ་ཡོན་ལྷན་ཁང་དང་། རྒན་ཡོལ་ཞུས་པའི་ལས་བཟོ་བའི་གྲོང་མི་ཨུ་ཡོན་ལྷན་ཁང་ཚང་མས་ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་དེའི་མངགས་གཏོང་ལས་ཁུངས་ཀྱི་མཛུབ་ཁྲིད་འོག་ལས་དོན་བསྒྲུབ་རྒྱུ།

    དོན་ཚན་ཉེར་གསུམ་པ། ལས་ཁུངས་དང་། ཚོགས་པ། དམག་དཔུང་། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྡེ་ཚན་གཞན་དག་བཅས་ཀྱིས་གྲོང་མི་ཨུ་ཡོན་ལྷན་ཁང་ལ་ཐད་ཀར་ལས་ཀ་བཀོད་སྒྲིག་བྱེད་མི་ཆོག བཀོད་སྒྲིག་མི་བྱེད་ཀ་མེད་བྱུང་ཚེ་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཁོངས་གཏོགས་ཆུད། རྫོང་མི་དམངས་སྲིད་གཞུང་ངམ་དེའི་མངགས་གཏོང་ལས་ཁུངས་བཅས་ཀྱིས་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ། གཅིག་གྱུར་བཀོད་སྒྲིག་བྱས་མེད་ཚེ་གྲོང་མི་ཨུ་ཡོན་ལྷན་ཁང་ལ་ལས་འགན་དང་ལེན་མི་བྱེད་པའི་དབང་ཆ་ཡོད།

    དོན་ཚན་ཉེར་བཞི་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་སྤྱོད་ཁང་དེ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་ཐོག་ཐག་གཅོད་བྱེད་རྒྱུ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་ཀའི་འགྲོ་གྲོན་དང་། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་དེ་བཞིན་རྒན་ཡོལ་ཞུས་པའི་ཁོངས་མིའི་འཚོ་སྣོན་སྤྲོད་ཁོངས་དང་། ཚད་གཞི། མ་དངུལ་གྱི་ཡོངས་ཁུངས་བཅས་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཆུད་མི་དམངས་སྲིད་གཞུང་ངམ་གོང་རིམ་མི་དམངས་སྲིད་གཞུང་གིས་གཏན་ལ་ཕབ་སྟེ་སྤྲོད་རྒྱུ། གྲོང་མིའི་ཚོགས་འདུའི་ཐོག་མོས་མཐུན་བྱུང་རྗེས་གྲོང་མི་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་ཡོང་འབབ་ནང་ནས་ཁ་གསབ་འོས་འཚམ་བྱས་ཆོག

    དོན་ཚན་ཉེར་ལྔ་པ། བྱ་ཐབས་འདི་ལག་བསྟར་བྱེད་སྐབས་ཐོན་པའི་གནད་དོན་རིགས་ལ་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།

    དོན་ཚན་ཉེར་དྲུག་པ། བྱ་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།