བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱ་ཐབས།
(2002ལོའི་ཟླ་དང་པོའི་ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་བ། 2010ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་བཟོ་བཅོས་ཐེངས་དང་པོ་བྱས། 2020ལོའི་ཟླ་9ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བྱས)
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། འདེམས་བསྐོའི་ལས་དོན་ཚན་པ།
ལེའུ་གསུམ་པ། འདེམས་དམངས་ཐོ་འགོད།
ལེའུ་བཞི་པ། འོས་མི་ཐོན་སྟངས།
ལེའུ་ལྔ་པ། འདེམས་བསྐོའི་གོ་རིམ།
ལེའུ་དྲུག་པ། གནས་དབྱུང་དང་། རྩ་དགོངས། གསབ་འདེམས།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བརྒྱད་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་མིས་ཁྲིམས་བཞིན་དམངས་གཙོའི་འདེམས་བསྐོའི་དབང་ཆ་སྤྱོད་རྒྱུ་འགན་སྲུང་བྱེད་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་དེ་འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས་བཅས་ཀྱི་ཐོག་ནས་ཐད་ཀར་འདེམས་བསྐོ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དམངས་གཙོ་དར་སྤེལ་གང་ལེགས་ཀྱིས་ཁྲིམས་བཅད་གོ་རིམ་བཞིན་སྤེལ་རྒྱུ།
དོན་ཚན་གསུམ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་མི་3ནས་5བར་ལས་གྲུབ་པ་ཡིན། ཞིབ་ཕྲའི་མིང་སྐལ་དེ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གྲོང་ཚོ་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་འདོན་རྒྱུ་དང་། ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་རྒྱུ།
དོན་ཚན་བཞི་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ནི་གྲོང་ཚོ་དེ་གའི་འདེམས་བྱེད་དབང་ཆ་ཡོད་པའི་ཡུལ་མིས་ཐད་ཀར་བདམས་ནས་ཐོན་པ་བྱེད་རྒྱུ་ལས་རྩ་འཛུགས་གང་ཞིག་གམ་ཡང་ན་མི་སུ་འདྲ་ཞིག་གིས་ཀྱང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དམིགས་འཛུགས་དང་མངགས་གཏོང་ངམ་ཡང་ན་བརྗེ་འཐེན་བཅས་བྱེད་མི་ཆོག ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ལོ་ལྔ་ཡིན་པ་དང་། སྐབས་ཐིམ་རྗེས་ངེས་པར་དུ་འཕྲལ་མར་འདེམས་བསྐོ་བྱེད་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མུ་མཐུད་བདམས་ནས་ལས་འགན་བསྟུད་འཛིན་བྱས་ན་འགྲིག
དོན་ཚན་ལྔ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་དོན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་དང་། རྫོང་(གྲོང་ཁྱེར་དང་ཆུད)དང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་དང་དམངས་སྲིད་སྡེ་ཚན་གྱི་མཛུབ་ཁྲིད་དང་ལེན་ཞུ་རྒྱུ།
དོན་ཚན་དྲུག་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་གྲོན་དངུལ་དེ་རང་སྐྱོང་ལྗོངས་དང་རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་རྒྱུ།
ལེའུ་གཉིས་པ། འདེམས་བསྐོའི་ལས་དོན་ཚན་པ།
དོན་ཚན་བདུན་པ། ཡུལ་མི་ཨུ་ཡོན་ལྷན་ཁང་སྐབས་བརྗེའི་འདེམས་བསྐོ་བྱེད་རིང་། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁག་སོ་སོར་ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་ལས་དོན་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་སྲིད་འཛིན་ས་ཁོངས་དེ་གའི་ནང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་བྱེད་འགན་འཁུར་དགོས་ཤིང་། དེའི་འཁྲི་འགན་གཙོ་བོ་ནི།
(གཅིག)ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་ལག་བསྟར་བྱེད་རྒྱུ་དང་།
(གཉིས)ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་འཆར་གཞི་བཟོ་བ་དང་ལག་བསྟར་བྱེད་རྒྱུ།
(གསུམ)ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུ།
(བཞི)ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ཇུས་གཞི་བཟོ་རྒྱུ།
(ལྔ)འདེམས་བསྐོའི་ལས་དོན་ཁྲོད་ཀྱི་ཡུལ་མིའི་འབྲེལ་ཡོད་ཞུ་གཏུག་བདག་སྤྲོད་བྱེད་རྒྱུ།
(དྲུག)འདེམས་དམངས་ལག་ཁྱེར་དང་། འདེམས་ཤོག ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བདམས་ཐོན་ལག་ཁྱེར་བཅས་དཔར་བཟོ་བྱེད་རྒྱུ།
(བདུན)འདེམས་བསྐོའི་ལས་དོན་མི་སྣ་གཏན་འཁེལ་བྱེད་རྒྱུ་དང་དེར་སྦྱོང་བརྡར་སྤྲོས་རྒྱུ།
(བརྒྱད)འདེམས་བསྐོའི་ལས་དོན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་སྤེལ་རེས་བྱེད་རྒྱུ།
(དགུ)འདེམས་བསྐོའི་ལས་དོན་ཁྲོད་ཀྱི་དོན་གནད་གཞན་དག་སྒྲུབ་འགན་འཁུར་རྒྱུ་བཅས་སོ།
དོན་ཚན་བརྒྱད་པ། ཡུལ་མི་ཨུ་ཡོན་ལྷན་ཁང་ལ་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གྲོང་ཚོ་དེ་གའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་དོན་གཙོ་སྐྱོང་བྱེད་རྒྱུ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དེ་སྐབས་གོང་མའི་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གིས་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུ་འཚོགས་ནས་འོས་འདེམས་བྱས་ཏེ་ཐོན་པ་བྱེད་རྒྱུ་མ་ཟད། ཡུལ་མིར་ཁྱབ་བསྒྲགས་ཀྱང་བྱེད་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཀྱི་དངོས་གཞིའི་འོས་མིས་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་གནས་འཛིན་མི་ཆོག ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཡུལ་མིའི་ཁེ་ཕན་མཚོན་པ། ཡུལ་མིའི་བསམ་འཆར་ཉན་པ། བྱ་བ་དྲང་པོ་དྲང་གཞག་སྒྲུབ་པ། སྤྱོད་ཚུལ་ལུགས་དང་མཐུན་པ་བཅས་བྱས་ནས་ཡུལ་མིར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་དགོས།
དོན་ཚན་དགུ་པ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་འཁྲི་འགན་ནི།
(གཅིག)འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་རྒྱུ་དང་། ཡུལ་མིས་འདེམས་བསྐོའི་སྐོར་འདྲི་རྩད་བྱས་པར་ལན་འདེབས་བྱེད་རྒྱུ་དང་།
(གཉིས)འདེམས་བསྐོའི་ལས་ཀའི་ཇུས་གཞི་བཟོ་རྒྱུ་མ་ཟད། གོང་རིམ་མི་དམངས་སྲིད་གཞུང་ལ་སྙན་ཐོ་དཔོད་རྒྱུ།
(གསུམ)འདེམས་དམངས་ཐོ་འགོད་དང་འདེམས་དམངས་ཀྱི་འོས་ཐོབ་ལ་ཞིབ་བཤེར་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུ་དང་འདེམས་དམངས་ལག་ཁྱེར་སྤྲོད་རྒྱུ།
(བཞི)འདེམས་དམངས་སྒྲིག་འཛུགས་ཀྱིས་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མིར་ནང་མོལ་བྱས་ནས་མིང་འདོན་བྱེད་རྒྱུ་དང་། འོས་མིའི་འོས་ཐོབ་གཏན་འཁེལ་བྱས་ནས་འོས་མིའི་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུ།
(ལྔ)འདེམས་བསྐོའི་ཟླ་དུས་ཚེས་གྲངས་དང་འདེམས་ཤོག་འཕེན་པའི་དུས་ཚོད། འཕེན་ས། འཕེན་ཐབས་བཅས་གཏན་འཁེལ་བྱེད་རྒྱུ་མ་ཟད་ཁྱབ་བསྒྲགས་ཀྱང་བྱེད་རྒྱུ།
(དྲུག)འདེམས་བསྐོའི་ཚོགས་ཆེན་གཙོ་སྐྱོང་བྱས་ནས་འདེམས་ཤོག་འཕངས་ཏེ་འདེམས་བསྐོ་བྱེད་རྒྱུ་སྒྲིག་འཛུགས་བྱེད་པ་དང་འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་བྱེད་རྒྱུ།
(བདུན)འདེམས་བསྐོའི་ལས་དོན་དང་འབྲེལ་བ་ཡོད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་རྒྱུ།
(བརྒྱད)འདེམས་བསྐོའི་ལས་དོན་ཕྱོགས་བསྡོམས་དང་གོང་ལ་སྙན་སེང་ཞུ་རྒྱུ་དང་། འདེམས་བསྐོའི་ལས་དོན་གྱི་ཡིག་ཚགས་བཟོ་རྒྱུ་བཅས་སོ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྐབས་གསར་པའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་མ་ཚོགས་བར་རང་འགན་བསྒྲུབ་རྒྱུ།
དོན་ཚན་བཅུ་པ། རྒྱུ་རྐྱེན་གཞན་དག་གི་རྐྱེན་པས་གཏན་འཁེལ་བྱས་པའི་འདེམས་བསྐོའི་དུས་ཚོད་ནང་དུས་ཐོག་ཏུ་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་མ་ཐུབ་ཚེ་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བསམ་འཆར་འདོན་རྒྱུ་དང་། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གི་མོས་མཐུན་ཐོབ་ཚེ་འདེམས་བསྐོ་ནར་འགྱངས་བྱས་ན་འགྲིག་པ་དང་། འདེམས་བསྐོ་ནར་འགྱངས་བྱེད་རྒྱུའི་དུས་ཚོད་དེ་ཉིན་30ནས་བརྒལ་མི་ཆོག
ལེའུ་གསུམ་པ། འདེམས་དམངས་ཐོ་འགོད།
དོན་ཚན་བཅུ་གཅིག་པ། ཧྲིལ་ལོ་18ལོན་པའི་ཡུལ་མི་ཡིན་ཕྱིན་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། གཞི་ཁུངས། ཆོས་དད། སློབ་གསོ་ཐོབ་ཚད། རྒྱུ་ནོར་གནས་ཚུལ། སྡོད་ཡུན་རིང་ཐུང་བཅས་ཀྱི་དབྱེ་བ་མེད་པར་ཚང་མར་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད་མོད། འོན་ཀྱང་དེའི་ནང་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་རིགས་ཚུད་མེད། འདེམས་དམངས་ཀྱི་ལོ་གྲངས་བརྩི་སྟངས་ནི་གྲོང་ཚོ་དེ་གའི་འདེམས་བསྐོའི་ཉིན་མོ་ཚད་གཞིར་འཛིན་རྒྱུ།
དོན་ཚན་བཅུ་གཉིས་པ། འདེམས་བསྐོའི་འོས་ཐོབ་ཡོད་པའི་ཡུལ་མིས་ཐེམ་ཐོ་ཡོད་སའི་གྲོང་ཚོར་འདེམས་བསྐོའི་ཐོ་འགོད་བྱེད་རྒྱུ། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ཚེ་ཐེམ་ཐོ་ཡོད་ས་ནས་འདེམས་དམངས་ཀྱི་འོས་ཐོབ་ར་སྤྲོད་བྱུང་ཟིན་པ་དང་གནས་སྡོད་བྱེད་སའི་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁས་བླངས་རྗེས་གནས་སྡོད་བྱེད་སར་འདེམས་དམངས་ཀྱི་ཐོ་འགོད་བྱས་ན་འགྲིག་པ་སྟེ།
(གཅིག)གཉེན་སྒྲིག་བྱས་རྗེས་བཟའ་ཟླ་ཡོད་སའི་གྲོང་ཚོར་སྡོད་པ་ལས་ཐེམ་ཐོ་སྒྱུར་མེད་པའི་རིགས་དང་།
(གཉིས)གནས་སྡོད་བྱེད་སར་ལས་ཀ་ཡོད་པའི་རྐྱེན་གྱིས་ཐེམ་ཐོ་ཡོད་སའི་གྲོང་ཚོར་འདེམས་དམངས་ཀྱི་ཐོ་འགོད་བྱེད་མ་ཐུབ་པའི་རིགས།
དོན་ཚན་བཅུ་གསུམ་པ། སྨྱོ་ནད་ཅན་གྱིས་འདེམས་བསྐོའི་དབང་ཆ་སྤྱོད་མི་ཐུབ་པའི་རིགས་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁས་བླངས་རྗེས་འདེམས་དམངས་ཀྱི་མིང་ཁོངས་སུ་མ་བཅུག་ན་འགྲིག ཕྱོགས་ལ་ཐོན་ནས་ལོ་ཕྱེད་ཡན་སོང་བའི་ཡུལ་མིའི་རིགས། འདེམས་བསྐོ་བྱེད་རིང་འབྲེལ་གཏུགས་བྱེད་ཐབས་བྲལ་བའམ་ཡང་ན་རྒྱུ་མཚན་གཞན་དག་གི་རྐྱེན་པས་གྲོང་ཚོར་ལོག་ནས་འདེམས་བསྐོའི་ནང་ཞུགས་མ་ཐུབ་པ་མ་ཟད། འདེམས་བསྐོའི་ཐོ་འགོད་མཇུག་མ་སྒྲིལ་གོང་འདེམས་དམངས་གཞན་ལ་རང་ཉིད་ཀྱི་ཚབ་བྱས་ནས་འདེམས་ཤོག་འཕེན་རོགས་ཞུ་རྒྱུའི་མངགས་བྱ་བྱས་མེད་རིགས་འདེམས་དམངས་ཀྱི་ཐོ་འགོད་མ་བྱས་ན་འགྲིག་པ་དང་། ཕྱོགས་མཚུངས་ཐེངས་འདིའི་འདེམས་བསྐོའི་འདེམས་དམངས་ཀྱི་བསྡོམས་འབོར་ནང་བརྩི་རྒྱུ་མེད། རང་ཉིད་སྡོད་ཁུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱས་ཚེ་ཐེམ་ཐོ་ཡོད་སར་བསྐྱར་དུ་འདེམས་དམངས་ཀྱི་ཐོ་འགོད་བྱེད་མི་ཆོག
དོན་ཚན་བཅུ་བཞི་པ། ཐོ་འགོད་བྱས་ནས་ཁས་ལེན་བྱུང་བའི་འདེམས་དམངས་ཀྱི་འོས་ཐོབ་དེ་ཡུན་རིང་རྩིས་འགྲོ་ཡོད། འདེམས་བསྐོ་མ་བྱས་གོང་ངེས་པར་དུ་སྐབས་གོང་མའི་འདེམས་དམངས་ཐོ་འགོད་བྱས་པའི་རྗེས་སུ་ཧྲིལ་ལོ་18ལོན་པ་མ་ཟད། གྲོང་ཚོ་དེ་གར་གསར་དུ་སྤོས་པའི་འདེམས་དམངས་ཀྱི་འོས་ཐོབ་ཡོད་པ་དང་ཆབ་སྲིད་ཀྱི་དབང་ཆ་སླར་གསོ་བྱས་པའི་ཡུལ་མིའི་རིགས་ཐོ་འགོད་ཁ་གསབ་བྱེད་དགོས། གྲོང་ཚོ་དེ་ནས་སྤོས་ཕྱིན་པའི་ཡུལ་མི་དང་། འདས་གྲོངས་སོང་བའི་ཡུལ་མི། ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི་བཅས་འདེམས་དམངས་ཀྱི་མིང་ཐོའི་ཁོངས་ནས་ངེས་པར་དུ་འབུད་དགོས།
དོན་ཚན་བཅོ་ལྔ་པ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འདེམས་དམངས་ཐོ་འགོད་བྱེད་དགོས་པ་མ་ཟད། འདེམས་བསྐོ་མ་བྱས་གོང་གི་ཉིན་20ནང་འདེམས་དམངས་ཀྱི་མིང་ཐོ་སྦྱར་ཡིག་ཐོག་ནས་ཁྱབ་བསྒྲགས་བྱེད་དགོས་ལ། འདེམས་དམངས་ལག་ཁྱེར་ཡང་སྤྲོད་དགོས། ཁྱབ་བསྒྲགས་བྱས་པའི་འདེམས་དམངས་ཀྱི་མིང་ཐོའི་ཐད་ཡུལ་མིར་བསམ་འཆར་མི་མཐུན་པ་ཡོད་ཚེ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་བཏོན་ན་འགྲིག ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་10ནང་ཚུན་དུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། ཐག་གཅོད་བྱས་འབྲས་ཐད་ཡུལ་མིར་སྔར་བཞིན་བསམ་འཆར་མི་མཐུན་པ་ཡོད་ཚེ། རྫོང(གྲོང་ཁྱེར་དང་ཆུད)ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་ལས་དོན་མཛུབ་ཁྲིད་ཚོགས་ཆུང་ལ་ཞུ་གཏུག་བྱས་ན་འགྲིག་པ་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོའི་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གིས་ངེས་པར་དུ་ཞུ་གཏུག་འབྱོར་ཉིན་ནས་བཟུང་ཉིན་5ནང་ཚུན་དུ་ལན་འདེབས་དགོས།
ལེའུ་བཞི་པ། འོས་མི་ཐོན་སྟངས།
དོན་ཚན་བཅུ་དྲུག་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མིར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པ་དང་།
(གཉིས)རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། སྲིད་ཇུས་བཅས་བརྩི་སྲུང་བྱེད་པ།
(གསུམ)སྤྱོད་གཙང་དྲང་གཞག་ཡིན་པ་དང་། སྤྱོད་ཚུལ་ལུགས་མཐུན་ཡིན་པ། བྱ་བ་དྲང་པོ་དྲང་གཞག་སྒྲུབ་པ། ཡུལ་མིར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ།
(བཞི)གྲོང་ཚོའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་དང་། སྒྲིག་འཛུགས་དང་འགོ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བ། ཡུལ་མིའི་སྣེ་ཁྲིད་ནས་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་ཐུབ་པ་བཅས་སོ།
དོན་ཚན་བཅུ་བདུན་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་ངེས་པར་དུ་བུད་མེད་ཀྱི་མིང་སྐལ་གཅིག་ཡན་ཡོད་དགོས་པ་དང་། མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཡུལ་མི་ཨུ་ཡོན་ལྷན་ཁང་ནང་ངེས་པར་དུ་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཁོངས་མི་ཡོད་དགོས།ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་དབར་བཟའ་ཚང་དང་ཐད་ཀའི་གཉེན་ཚན་གྱི་འབྲེལ་བ་ཡོད་མི་ཆོག
དོན་ཚན་བཅོ་བརྒྱད་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འོས་མི་དེ་འདེམས་དམངས་ཀྱིས་ཐད་ཀར་མིང་འདོན་བྱེད་རྒྱུ་དང་། འདེམས་དམངས་ཀྱིས་ལོགས་སུ་མིང་འདོན་བྱས་ན་འགྲིག་ལ་མིང་མཉམ་ཐོག་ནས་མིང་འདོན་བྱས་ནའང་འགྲིག
དོན་ཚན་བཅུ་དགུ་པ། འོས་མི་མིང་འདོན་བྱེད་སྐབས་ངེས་པར་དུ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མིའི་མིང་འདོན་རེའུ་མིག་འབྲི་དགོས།
དོན་ཚན་ཉི་ཤུ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་དེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《ལྗོངས་ཡོངས་སུ་གནས་སྐབས་རིང་འཁྲོལ་མེད་འདེམས་བསྐོ་བྱེད་རྒྱུ་ལས་འཁྲོལ་ཡོད་འདེམས་བསྐོ་བྱེད་རྒྱུ་མིན་པའི་སྐོར་གྱི་གཏན་འབེབས》གཞིར་བཟུང་འཁྲོལ་མེད་འདེམས་བསྐོ་བྱེད་རྒྱུ།
དོན་ཚན་ཉེར་གཅིག་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཀྱི་དངོས་གཞིའི་འོས་མི་གཏན་འཁེལ་བྱུང་རྗེས་ངེས་པར་དུ་འདེམས་བསྐོ་བྱེད་པའི་ཉིན་5གོང་ལ་དེ་དག་གི་མིང་བོད་ཡིག་ཀ་མད་ཀྱི་གོ་རིམ་ལྟར་སྦྱར་ཡིག་ཐོག་ནས་ཁྱབ་བསྒྲགས་བྱེད་དགོས།ཁྲིམས་གཏན་འཁེལ་བའི་དངོས་གཞིའི་འོས་མི་རྣམས་རྩ་འཛུགས་གང་ཞིག་གམ་ཡང་ན་མི་སུ་འདྲ་ཞིག་གིས་ཀྱང་བརྗེ་པོ་རྒྱག་པ་དང་འགྱུར་ལྡོག་གཏོང་རིགས་བྱེད་མི་ཆོག
ལེའུ་ལྔ་པ། འདེམས་བསྐོའི་གོ་རིམ།
དོན་ཚན་ཉེར་གཉིས་པ། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་པའི་ཞིབ་ཕྲའི་དུས་ཚོད་དང་། ས་ཆ། འདེམས་ཤོག་འཕེན་སྟངས་བཅས་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འདེམས་བསྐོ་བྱེད་པའི་ཉིན་5གོང་ལ་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་ཉེར་གསུམ་པ། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་སྐབས་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོའི་ཚོགས་ཆེན་གཙོ་སྐྱོང་བྱེད་རྒྱུ། འདེམས་བསྐོའི་ཚོགས་ཆེན་ཐོག་འདེམས་ཤོག་སྒྲོག་སྦྱང་པ་དང་། འདེམས་ཤོག་ལྟ་བཤེར་པ། འདེམས་ཤོག་རྩིས་རྒྱག་པ་བཅས་ཁག་སོ་སོར་མི་གཉིས་ཡན་འདེམས་རྒྱུ། འོས་མི་དང་། དེའི་བཟའ་ཚང་དང་ཐད་ཀའི་གཉེན་ཚན་གྱིས་འདེམས་ཤོག་སྒྲོག་སྦྱང་པ་དང་། འདེམས་ཤོག་ལྟ་བཤེར་པ། འདེམས་ཤོག་རྩིས་རྒྱག་པ་བཅས་བྱེད་མི་ཆོགསྡོད་གནས་ཁ་ཐོར་ཡིན་པའི་གྲོང་ཚོར་ཡན་ལག་ཚོགས་ར་དང་འདེམས་ཤོག་འཕེན་ས་བཟོས་ན་འགྲིག་ལ་སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་བཟོས་ནའང་འགྲིག་ཅིང་། འདེམས་ཤོག་འཕེན་ས་དང་སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་ཚང་མར་འདེམས་ཤོག་འཕེན་སྐབས་ངེས་པར་དུ་འདེམས་ཤོག་ལྟ་བཤེར་པ་མི་2ཡན་ཡོད་དགོས།
དོན་ཚན་ཉེར་བཞི་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་རིམ་པ་བྱས་ནས་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱས་ན་འགྲིག་ལ་ཐེངས་གཅིག་རང་ལ་འདེམས་ཤོག་འཕངས་ནས་བདམས་བསྐོ་བྱས་ནའང་འགྲིག ཞིབ་ཕྲའི་འདེམས་བསྐོ་བྱེད་སྟངས་དེ་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་རྒྱུ།
དོན་ཚན་ཉེར་ལྔ་པ། འདེམས་བསྐོ་བྱེད་པར་རང་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་བྱེད་སྟངས་སྤྱོད་རྒྱུ་དང་། འདེམས་བསྐོ་བྱེད་སར་ངེས་པར་དུ་གསང་བའི་ཐོག་ནས་འདེམས་ཤོག་འབྲི་ས་བཟོ་དགོས། གལ་ཏེ་འདེམས་དམངས་ཡིག་རྨོངས་བའམ་ཡང་ན་དབང་པོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་འདེམས་ཤོག་འབྲི་མི་ཐུབ་ཚེ་དེས་ཡིད་ཆེས་བྱེད་སའི་མི་ལ་མངག་བཅོལ་བྱས་ནས་བྲིས་ན་འགྲིགའདེམས་དམངས་ཚང་མར་འདེམས་བསྐོ་བྱེད་ཐེངས་རེར་འདེམས་ཤོག་འཕེན་དབང་གཅིག་ལས་མེད། འདེམས་དམངས་ཀྱིས་འོས་མིར་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་ན་འགྲིག་ལ། འདེམས་དབང་དོར་བ་དང་མོས་མཐུན་མེད་པའི་འདེམས་ཤོག་འཕངས་ནའང་འགྲིག མོས་མཐུན་མེད་པའི་འདེམས་ཤོག་འཕངས་ཚེ་འདེམས་དམངས་གཞན་དག་བདམས་ནའང་འགྲིག
དོན་ཚན་ཉེར་དྲུག་པ། ཐོ་འགོད་བྱས་པའི་འདེམས་དམངས་འདེམས་བསྐོའི་ཉིན་མོར་འདེམས་ཤོག་འཕེན་པའི་ནང་ཞུགས་མ་ཐུབ་ཚེ་ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་མོས་མཐུན་ཐོབ་མཚམས་འདེམས་ཤོག་འཕེན་རྒྱུ་མི་གཞན་ལ་མངགས་བཅོལ་བྱས་ན་འགྲིག་པ་དང་། འདེམས་དམངས་གཅིག་གིས་འདེམས་ཤོག་3ལས་འཕེན་རོགས་བྱེད་མི་ཆོག
དོན་ཚན་ཉེར་བདུན་པ། ཡུལ་མི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པར་འདེམས་བྱེད་དབང་ཆ་ཡོད་པའི་ཡུལ་མིའི་ཕྱེད་ཀ་ཡན་གྱིས་འདེམས་ཤོག་འཕངས་ན་འདེམས་བསྐོར་རྩིས་འགྲོ་ཡོད། འདེམས་བསྐོ་བྱེད་ཐེངས་རེར་འཕངས་པའི་འདེམས་ཤོག་གི་ཁ་གྲངས་འདེམས་ཤོག་འཕེན་མཁན་མི་གྲངས་དང་མཚུངས་པའམ་ཡང་ན་དེ་ལས་ཉུང་བ་ཡོད་ན་འདེམས་ཤོག་འཕངས་པར་རྩིས་འགྲོ་ཡོད་པ་དང་། འདེམས་ཤོག་འཕེན་མཁན་མི་གྲངས་ལས་མང་བ་ཡོད་ན་འདེམས་ཤོག་འཕངས་པར་རྩིས་འགྲོ་མེད།
དོན་ཚན་ཉེར་བརྒྱད་པ། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་པའི་འདེམས་ཤོག་རེའི་ཐོག་བདམས་པའི་མི་གྲངས་དེ་འདེམས་དགོས་པའི་མི་གྲངས་དང་མཚུངས་པའམ་ཡང་ན་དེ་ལས་ཉུང་བ་ཡོད་ན་འདེམས་ཤོག་ལ་རྩིས་འགྲོ་ཡོད་པ་དང་། འདེམས་དགོས་པའི་མི་གྲངས་ལས་མང་བ་ཡོད་ན་འདེམས་ཤོག་དེར་རྩིས་འགྲོ་མེད། འདེམས་ཤོག་ཐོག་བྲིས་པ་ཚང་མ་ཡིག་ངོ་མི་ཆོད་པའམ་ཡང་ན་གཏན་འབེབས་གཞིར་བཟུང་བྲིས་མེད་ན་འདེམས་ཤོག་ལ་རྩིས་འགྲོ་མེད།
དོན་ཚན་ཉེར་དགུ་པ། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་པར་འདེམས་ཤོག་ཡོངས་གྲགས་སུ་རྩིས་རྒྱག་པའི་བྱེད་སྟངས་སྤྱོད་རྒྱུ། འདེམས་ཤོག་འཕངས་ཟིན་རྗེས་འདེམས་ཤོག་སྒྲོག་སྦྱང་པ་དང་། འདེམས་ཤོག་ལྟ་བཤེར་པ། འདེམས་ཤོག་རྩིས་རྒྱག་པ་བཅས་ཀྱིས་འདེམས་ཤོག་འཕེན་སྒམ་ཚང་མ་འདེམས་བསྐོའི་ཚོགས་རར་གཅིག་སྡུད་བྱས་ནས་དམངས་ཀྱི་མདུན་དུ་འདེམས་སྒམ་ཁ་ཕྱེ་དགོས་པ་དང་། རང་སར་འདེམས་ཤོག་ཞིབ་བཤེར་དང་། སྒྲོག་སྦྱང། རྩིས་རྒྱག ཐོ་འགོད་བཅས་བྱེད་རྒྱུ་མ་ཟད། འདེམས་ཤོག་ལྟ་བཤེར་པས་ས་ཡིག་བཀོད་རྗེས་ཡིག་ཚགས་སུ་འཇུག་དགོས།
དོན་ཚན་སུམ་ཅུ་པ། འོས་མིར་འདེམས་ཤོག་འཕེན་པར་ཞུགས་མཁན་འདེམས་དམངས་ཕྱེད་ཀ་ཡན་གྱི་འདེམས་ཤོག་ཐོབ་ན་གཞི་ནས་བདམས་ཐོན་བྱུང་བར་བརྩི་རྒྱུ། འདེམས་ཤོག་ཕྱེད་ཀ་ཡན་ཐོབ་པའི་འོས་མིའི་མི་གྲངས་དེ་འདེམས་དགོས་པའི་མིང་སྐལ་ལས་མང་བ་ཡོད་ན་འདེམས་ཤོག་མང་བ་ཐོབ་པ་དེ་བདམས་ཐོན་བྱུང་བ་ཡིན། གལ་ཏེ་འདེམས་ཤོག་མང་ཉུང་གཅིག་པ་ཡིན་ན་ངེས་པར་དུ་འདེམས་ཤོག་མང་ཉུང་གཅིག་པ་ཐོབ་པའི་འོས་མིར་འདེམས་ཤོག་འཕེན་སྐྱོར་རྒྱག་དགོས། འདེམས་ཤོག་ཕྱེད་ཀ་ཡན་ཐོབ་པའི་འོས་མིའི་མི་གྲངས་དེ་འདེམས་དགོས་པའི་མི་སྐལ་ལས་ཉུང་བ་ཡོད་ན་མ་འདང་བའི་མི་གྲངས་རྣམས་ངེས་པར་དུ་བདམས་ཐོན་མ་བྱུང་བའི་འོས་མིའི་ཁྲོད་དུ་འདེམས་བསྐོ་ཐེངས་གཉིས་པ་བྱེད་དགོས་པ་དང་། འོས་མིར་འདེམས་ཤོག་འཕེན་པར་ཞུགས་མཁན་འདེམས་དམངས་ཕྱེད་ཀ་ཡན་གྱི་འདེམས་ཤོག་ཐོབ་ན་གཞི་ནས་བདམས་ཐོན་བྱུང་བར་བརྩི་དགོས།
དོན་ཚན་སོ་གཅིག་པ། འདེམས་ཤོག་འཕངས་ནས་འདེམས་བསྐོ་ཐེངས་གཉིས་བྱས་ཀྱང་བདམས་ཐོན་བྱུང་བའི་མི་གྲངས་དེ་འདེམས་དགོས་པའི་མིང་སྐལ་ལས་ཉུང་བ་ཡོད་ཚེ། ཉུང་དྲགས་པའི་མིང་སྐལ་རྣམས་གནས་སྐབས་སྟོང་པར་བཞག་ན་འགྲིག གལ་ཏེ་ཀྲུའུ་རེན་གནས་སྐབས་སྟོང་པར་ལུས་ན་འདེམས་ཤོག་མང་ཤོས་ཐོབ་པའི་ཀྲུའུ་རེན་གཞོན་པས་གནས་སྐབས་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་སྐྱོང་བྱེད་རྒྱུ་དང་། མིང་སྐལ་སྟོང་པ་རྣམས་ངེས་པར་དུ་ཟླ་བ་གཉིས་ནང་ཚུན་དུ་དམངས་གཙོའི་འདེམས་བསྐོ་བྱེད་རྒྱུ།
དོན་ཚན་སོ་གཉིས་པ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོར་རྩིས་འགྲོ་ཡོད་པ་ཁས་བླངས་རྗེས་རང་སར་འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད། ཡིག་ཐོག་ནས་སྤྱི་བསྒྲགས་སྤེལ་རྒྱུ། ཡུལ་མི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འདེམས་བསྐོ་བྱས་འབྲས་དེ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་དང་རྫོང་(གྲོང་ཁྱེར་དང་ཆུད)དམངས་སྲིད་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།
ལེའུ་དྲུག་པ། གནས་དབྱུང་དང་། རྩ་དགོངས། གསབ་འདེམས།
དོན་ཚན་སོ་གསུམ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཡུལ་མིས་ལྟ་སྐུལ་བྱེད་རྒྱུ། གྲོང་ཚོ་དེ་གའི་འདེམས་བྱེད་དབང་ཆ་ཡོད་པའི་ཡུལ་མིའི་ལྔ་ཆ་གཅིག་ཡན་གྱིས་མིང་མཉམ་བཀོད་ཐོག་ནས་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གནས་དབྱུང་གཏོང་རྒྱུའི་རེ་བ་བཏོན་ཆོག གནས་དབྱུང་གཏོང་རྒྱུའི་རེ་བ་དེ་ངེས་པར་དུ་ཡིག་ཐོག་ནས་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ལ་འདོན་དགོས་པ་མ་ཟད། གནས་དབྱུང་གཏོང་དགོས་དོན་ཁ་གསལ་འབྲི་དགོས། ཡུལ་མིས་བཏོན་པའི་གནས་དབྱུང་གཏོང་རྒྱུའི་རེ་བ་དེར་ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཉིན་30ནང་ཚུན་དུ་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུ་འཚོགས་ནས་འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་དགོས། ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོཌ་འདུའི་ཐོག་གནས་དབྱུང་གཏོང་རྒྱུའི་རེ་བར་གྲོས་བསྡུར་བྱས་ནས་བརྡས་ཐག་གཅོད་སྐབས། ཡུལ་མིས་གནས་དབྱུང་གཏོང་རེ་ཞུས་པའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དེར་དག་འབུད་བསམ་འཆར་འདོན་དབང་ཡོད། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གནས་དབྱུང་གཏོང་དགོས་ཚེ་ངེས་པར་དུ་འདེམས་བྱེད་དབང་ཆ་ཡོད་པའི་ཡུལ་མིའི་ཕྱེད་ཀ་ཡན་གྱི་མོས་མཐུན་ཐོབ་པ་བྱེད་དགོས།
དོན་ཚན་སོ་བཞི་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ལས་གནས་རྩ་དགོངས་ཞུ་རྒྱུའི་རེ་བ་བཏོན་ཚེ་ངེས་པར་དུ་ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུ་འཚོགས་ནས་གྲོས་བསྡུར་བྱས་ཏེ་གཏན་འཁེལ་བྱེད་དགོས།
དོན་ཚན་སོ་ལྔ་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གནས་དབྱུང་བཏང་བའམ་ཡང་ན་རྩ་དགོངས་ཞུས་རྐྱེན་མི་སྐལ་སྟོང་པར་ལུས་སྐབས་ངེས་པར་དུ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་གོ་རིམ་གཞིར་བཟུང་དུས་ཐོག་ཏུ་གསབ་འདེམས་བྱེད་དགོས་པ་དང་། གསབ་འདེམས་ལས་ཀ་དེ་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱེད་དགོས།གསབ་འདེམས་བྱས་པའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དེའི་འགན་ཡུན་ནི་སྐབས་དེ་གའི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འགན་ཡུན་མ་ཐིམ་བར་ཡིན།
དོན་ཚན་སོ་དྲུག་པ། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་བཏང་ཚེ། ཡུལ་མིའི་ཚོགས་འདུའམ་ཡང་ན་ཡུལ་མིའི་འཐུས་མི་ཚོགས་འདུས་དེའི་གོ་གནས་མེད་པ་བཟོ་རྒྱུ།
དོན་ཚན་སོ་བདུན་པ། གནས་དབྱུང་བཏང་བ་དང་ལས་གནས་རྩ་དགོངས་ཞུས་པའམ་ཡང་ན་རྒྱུ་མཚན་གཞན་དག་གི་རྐྱེན་པས་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འགྱུར་ལྡོག་གཏོང་སྐབས་ངེས་པར་དུ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་དང་རྫོང་(གྲོང་ཁྱེར་དང་ཆུད)དམངས་སྲིད་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་སོ་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་བརྗེ་རེས་དང་འགྱུར་ལྡོག་གཏོང་བའམ་ཡང་ན་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དམིགས་འཛུགས་དང་། མངགས་གཏོང་། བརྗེ་འཐེན་བཅས་བྱས་ཚེ། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ནས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཐད་ཀའི་འགན་འཁྲི་ཡོད་མིར་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་སོ་དགུ་པ། འཇིགས་སྐུལ་བྱེད་པ་དང་། ལྐོག་རྔན་སྤྲོད་པ། འདེམས་ཤོག་རྫུན་མ་བཟོ་བ་སོགས་ཚུལ་མིན་བྱེད་ཐབས་སྤྱད་དེ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཆགས་ཚེ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་(གྲོང་ཁྱེར་དང་ཆུད)དམངས་སྲིད་སྡེ་ཚན་གྱིས་དེའི་འགན་འཛིན་རྩིས་མེད་བཏང་བ་ཁྱབ་བསྒྲགས་བྱེད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བ་དང་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་བཞི་བཅུ་པ། འདེམས་བསྐོའི་ནང་ཡུལ་མིས་འདེམས་བྱེད་དབང་ཆ་སྤྱོད་པར་གནོད་འཚེ་གཏོང་བ་དང་། དོན་རྐྱེན་བཟོ་བ། འདེམས་བསྐོའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བ། འདེམས་བསྐོའི་སྒྲིག་ལམ་དཀྲུག་པ་བཅས་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》གཞིར་བཟུང་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ཞེ་གཅིག་པ། འདེམས་བསྐོའི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་པའམ་ཡང་ན་གནས་དབྱུང་གཏོང་རྒྱུའི་རེ་བ་འདོན་མཁན་ཡུལ་མིར་འཁོན་ལན་སློག་ཚེ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་(གྲོང་ཁྱེར་དང་ཆུད)དམངས་སྲིད་སྡེ་ཚན་གྱིས་ཐག་གཅོད་བྱེད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ཞེ་གཉིས་པ། ཐག་གཅོད་ཀྱི་གཏན་འབེབས་ལ་དོ་བདག་བློ་མོས་མ་བྱུང་ཚེ་འབྲེལ་ཡོད་སྡེ་ཚན་ལ་ཞུ་གཏུག་བྱས་ན་འགྲིག་ལ་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུའམ་ཡང་ན་གཏུག་བཤེར་བྱས་ན་འགྲིག
དོན་ཚན་ཞེ་གསུམ་པ། བྱ་ཐབས་འདིའི་གཏན་འབེབས་དང་འགལ་ཚེ། ཡུལ་མིར་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་(གྲོང་ཁྱེར་དང་ཆུད)དམངས་སྲིད་སྡེ་ཚན་ལ་ཐེར་འདོན་བྱེད་པའི་དབང་ཆ་ཡོད། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་(གྲོང་ཁྱེར་དང་ཆུད)དམངས་སྲིད་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་འབྱོར་ཉིན་ནས་བཟུང་ཉིན་30ནང་ཚུན་དུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པ་མ་ཟད་ལན་འདེབས་བྱེད་དགོས། དུས་བཀག་ནང་ཐག་གཅོད་མ་བྱས་ཚེ་ཐེར་འདོན་བྱེད་མཁན་གྱིས་རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ན་འགྲིག
ལེའུ་བརྒྱད་པ། ཞར་བྱུང་།
དོན་ཚན་ཞེ་བཞི་པ། བྱ་ཐབས་འདི་2002ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣