རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། ཚེས་6ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང‘ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ’བཅས་བྱེད་དགོས་པའི་ཆེད་དོན་སློབ་གསོ”གཏིང་ཟབ་སྤེལ་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད།
ཀྲོང་ཡན་གྱིས་ནན་བཤད་གནང་དོན། གཅིག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོར་གཏོང་དང་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཐོག ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་སེམས་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།
གཉིས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་འབབ་ས་བཅས་ལ་གཞི་ཚུགས་ཏེ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་ཐོག རྟག་ཏུ་འཚམས་འདྲི་བྱེད་པ་དང་སྙིང་གཏམ་ཤོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་གྲོས་མོལ་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་ཀྱིས“འཛུགས་སྐྱོང”གི་སྤུས་ཚད་ལེགས་པོ་དང་། “ཆེད་ལས”ཀྱི་ཆུ་ཚད་མངོན་པ། “གྲོས་མོལ”གྱི་ཁྱད་ཆོས་འབུར་དུ་ཐོན་པ་བཅས་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སེམས་ནུས་གཅིག་བསྡུ་བྱེད་དགོས།
གསུམ་ནས་ཏང་གིས་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་རང་ངོས་འཛུགས་སྐྱོང་དང་དཔེ་བཟང་ལས་ཁུངས་གཏོད་པའི་ཐད་རྣམ་པ་གསར་པ་མངོན་པར་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ནས་ཏང་གི་འཛུགས་སྐྱོང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་ལག་ལེན་ནན་ཏན་བསྟར་བ། སྲིད་གྲོས་ཏང་ཙུས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། ཏང་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་བ་སྲིད་གྲོས་ཁོངས་གཏོགས་སུ་དོན་འཁྱོལ་ཡག་པོ་ཐུབ་པར་སྐུལ་འདེད་གཏོང་དགོས།