དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷོ་རོང་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2021-04-17

    ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་སྣང་བསམ་འཆར་དག་ཐེར་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཉེ་ཆར་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དུ་བརྟག་ཞིབ་གནང་བ་རེད།

    ཚེས་11ནས་14ཉིན་བར་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱི་ཕེབས་རོགས་འོག་སྔ་རྗེས་སུ་དམར་རི་གྲོང་རྡལ་དང་། ཀྲུང་ཡས་ཤང་། རྔུལ་ཤོད་ཤང་། ཤོ་པ་མདོ་གྲོང་རྡལ། རྫི་ཐོ་གྲོང་རྡལ། དཔེ་གདགས་ཤང་སོགས་སུ་ཕེབས་པ་དང་སློབ་གྲྭ་དང་སྨན་ཁང་དང་། དངུལ་ཁང་དང་ཁེ་ལས། དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་བྱ་ཡུལ། ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི། ཁྱད་ལྡན་ཐོན་ལས་གླིང་སོགས་སུ་ཕེབས་ནས་རྨང་གཞིའི་སློབ་གསོ་དང་། གཞི་རིམ་སྨན་བཅོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ཐད་བརྟག་ཞིབ་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་འགྲོ་ཚུལ་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། ཁོང་གིས་སྔ་རྗེས་སུ་དམར་རི་གྲོང་རྡལ་སློབ་ཆུང་དང་པོ་དང་། རྔུལ་ཤོད་ཤང་སློབ་ཆུང་དང་པོ། ཤོ་པ་མདོ་གྲོང་རྡལ་སློབ་ཆུང་། ལྷོ་རོང་རྫོང་དམའ་རིམ་སློབ་འབྲིང་བཅས་སུ་ཕེབས་ཏེ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་། དགེ་རྒན་གྱི་དཔུང་ཁག སློབ་ཁྲིད་དོ་དམ། ཀུན་སྤྱོད་སློབ་གསོ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་བོད་སྐྱོར་དགེ་རྒན་ལ་གཟིགས་པ་རེད།

    ཁོང་གིས“སློབ་གསོར་དམ་འཛིན་བྱེད་པ་ནི་འབྱུང་འགྱུར་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་སློབ་གསོར་དམ་འཛིན་མ་བྱས་ན་འགན་འཛོལ་ཡིན་པའི”ལས་ཀའི་འདུ་ཤེས་བཙུགས་ཏེ། བྱེད་ཐབས་སྤྱད་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་སློབ་གསོར་བཏོན་པའི་ཐབས་ཇུས་དང་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་རྨང་གཞིའི་ལས་དོན་ལ་མཐའ་འཁྱོངས་བརྩིས་ཏེ་དགེ་རྒན་གདན་ཞུ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། བོད་རྒྱ་སྐད་རིགས་གཉིས་ཀྱི་སློབ་ཚན་མཉམ་འདྲེས་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ། དགེ་རྒན་ལ་སེམས་རྩ་འཁོལ་པོས་སེམས་ཁུར་བཅས་བྱས་ནས་རྒྱ་ཆེའི་དགེ་རྒན་ཚོ་བློ་བདེ་པོའི་ངང་སློབ་ཁྲིད་དང་སྤྲོ་སེམས་འཁོལ་པོས་སློབ་ཁྲིད་བྱེད་དུ་འཇུག་དགོས། སློབ་མའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ཆོས་ཉིད་གཞིར་བཟུང་། སློབ་གྲྭའི་ཀུན་སྤྱོད་སློབ་གསོ་གཞུང་ལས་ཁང་འཛུགས་སྐྱོང་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཏང་དང་། མེས་རྒྱལ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་པའི་ས་བོན་ཆུང་དུས་ནས་ཕྲུ་གུ་ཚོའི་སེམས་སུ་འཛུགས་པ་དང་། གནད་དོན་ཞིབ་ཕྲར་དོ་སྣང་བྱས་ཏེ་སློབ་མར་སློབ་སྦྱོང་དང་། འཚོ་བ། བྱ་སྤྱོད་བཅས་ཀྱི་གོམས་གཤིས་ཡག་པོ་འཇགས་པར་སློབ་གསོ་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལོན་པའི་རྒྱུན་འཛིན་པ་དང་འཛུགས་སྐྲུན་པར་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་ལྷོ་རོང་རྫོང་ལྟེ་བའི་སྨན་ཁང་དམར་རི་གྲོང་རྡལ་ཡན་ལག་སྨན་ཁང་དང་། རྔུལ་ཤོད་ཤང་འཕྲོད་བསྟེན་ཁང་། ལྷོ་རོང་རྫོང་མི་དམངས་སྨན་ཁང་། ལྷོ་རོང་རྫོང་ལྟེ་བའི་སྨན་ཁང་དཔེ་གདགས་ཤང་ཡན་ལག་སྨན་ཁང་བཅས་སུ་ཕེབས་ཏེ་གཞི་རིམ་སྨན་བཅོས་ཀྱི་འཕེལ་རྒྱས་དང་། ཞབས་འདེགས། འགན་ལེན་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་གནང་བ་དང་འབྲེལ། སྨན་བཅོས་བོད་སྐྱོར་མི་སྣར་གཟིགས་པ་དང་གཞི་རིམ་སྨན་དོན་མི་སྣའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཁོང་གིས་གཞི་རིམ་སྨན་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་རིམ་སྨན་བཅོས་ཀྱི་ཞན་ཆ་སེལ་དགོས་པ་དང་འགག་རྩ་ནི་ཤེས་ལྡན་མི་སྣ་དང་། མཁྲེགས་ཆས་དང་མཉེན་ཆས། དོ་དམ་བཅས་ཀྱི་ཐད་ཤུགས་རྒྱག་པ་དང་། སྨན་དོན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་འདི་གའི་ཤེས་ལྡན་མི་སྣ་སྔོག་འདོན་དང་། བསྡུ་བ། གསོ་སྐྱོང་བཅས་ནུས་ལྡན་བྱས་ནས་གཞི་རིམ་སྨན་པའི་དཔུང་ཁག་བརྟན་པོ་ཏན་ཏིག་་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་ཀྲུང་ཡས་ཤང་སྤ་ལི་གྲོང་ཚོ་དང་རྔུལ་ཤོད་ཤང་ཞོལ་བ་ཐང་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དང་། རྔུལ་ཤོད་ཤང་ནགས་ཤིང་མྱུག་སོན་རྟེན་གཞི། ལྷོ་རོང་རྫོང་སྔོ་ལྗང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། ལྷོ་རོང་རྫོང་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི། ལྷོ་རོང་རྫོང་ཁྱད་ལྡན་ཐོན་ལས་འཐབ་ཇུས་སྐྱོང་གསོ་ལྟེ་གནས་བཅས་སུ་ཕེབས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཕེལ་རིམ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཐོན་ལས་ཀྱི་གཞི་རྩར་དམ་འཛིན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རྔུལ་ཤོད་ཤང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།