དབུ་ཤོག>སྲིད་དོན།
  • ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-16

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ། 《བོད་རང་སྐྱོང་ལྗོངས་ལ་སྐོར་གཟིགས་བྱས་པའི་སྐོར་གྱི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར》ནང་བཏོན་པའི་གནད་དོན་ལ་དམིགས་པ་དང་། ལྗོངས་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཏིང་ཟབ་བྱས་ནས་དག་ཐེར་བྱེད་ཐབས་དང་འབད་བརྩོན་གྱི་ཁ་ཕྱོགས་ཁ་གསལ་བཟོས་ཤིང་། སྤུས་ཚད་ལེགས་པའི་དམངས་གཙོའི་འཚོ་བའི་ཚོགས་འདུར་བརྟེན་ནས་ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་སྒྲིག་ཨུད་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ལ་སྐོར་གཟིགས་བྱས་པའི་ཚུར་ལན་བསམ་འཆར་དག་ཐེར་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། དེ་རྗེས་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཚན་ཁག་གི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་གནང་བ་དང་འབྲེལ་སྣེ་ཁྲིད་དེ་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད། ལྗོངས་སྲིད་གྲོས་ཏང་ཙུའུ་ཚན་ཁག་གི་ཁོངས་མིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་དངོ་རང་གཏད་ཀྱི་བློ་སྟོབས་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། བྱ་གཞག་ལ་འགན་འཁུར་བ། བློ་མཐུན་ལ་སེམས་ཁུར་བྱེད་པ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རིམ་པ་བཞིན་སྒམ་བརླིང་དང་གཟབ་ནན་ལྡན་པའི་ངང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པས། མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་ལས་དོན་ལེགས་སུ་གཏོང་བའི་དམིགས་ཚད་ལ་སླེབས་ཡོད་པ་རེད།

    ཀྲོང་ཡན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་སྤྱི་འདོམས་སུ་བྱས་ཏེ་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ཁག་ལ་སྐུལ་འདེད་གཏོང་བ་དང་། སྲིད་གྲོས་ལས་དོན་ཁྲོད་ཏང་ཙུའུ་ཡི་ཁ་ཕྱོགས་གཏན་འཁེལ་དང་། ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། ལྷག་པར་དུ་ཏང་ཡོན་ཨུ་ཡོན་དང་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་དེ་ཕྱི་རོལ་གྱི་བླང་བྱ་ནས་ནང་གནས་ཀྱི་རང་འགུལ་དུ་འགྱུར་བ་བྱེད་དགོས་པ་དང་། གཉིས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་བོད་ཀྱི་སྲིད་གྲོས་ཀྱི་དམིགས་བསལ་རང་བཞིན་གྱི་ལས་ཀའི་བླང་བྱར་གཞི་ཚུགས་ནས། སྐོར་གཟིགས་དག་ཐེར་དང་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ལག་ལེན་གཉིས་ཟུང་འབྲེལ་བྱེད་པ་དང་། སྲིད་གྲོས་ལས་དོན་ཁྲོད་ཀྱི་གནད་དོན་དང་ཧེ་བག་རང་འགུལ་ངང་ངོས་འཛིན་དང་བསམ་གཞིག་གཏིང་ཟབ་བྱེད་པ།“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པར་དམིགས་པ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྲིད་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དག་ཐེར་གྱི་ཕན་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་ཞུ་ལུགས་མཚོན་པར་བྱེད་དགོས་པ། གསུམ་ནས་ཕན་འབྲས་རྗེས་སྙེག་འདྲི་རྩད་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་སྲིང་ལྷོད་མེད་ངང་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ཚན་ཁག་གི་ཁོངས་མིས་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པས་ཚུར་ལན་སྤྲད་པའི་བསམ་འཆར་ལ་དམ་པོར་དམིགས་ཏེ། ཆབ་སྲིད་སྐོར་གཟིགས་ཀྱི་སྤྲད་པའི་བླང་བྱ་གནད་ལ་འཁེལ་པོས་དོན་འཁྱོལ་བྱེད་པ་དང་སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་བྱེད་དགོས། ལྗོངས་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡིས་སྤྱི་འདོམས་མཐུན་སྦྱོར་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“མིག་སྔར་སྒྱུར་བཅོས”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་དོན་འཁྱོལ་དང་། དག་ཐེར་བྱེད་ཐབས། གནད་དོན་ཐག་གཅོད་བཅས་གནད་ལ་འཁེལ་བ་བྱས་ཏེ་སྤུས་ཚད་མཐོ་བའི་འགན་འཁྲི་སྒྲུབ་པ་དང་ཕན་འབྲས་ཐོན་པ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།