ཟླ་4ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་ལྷ་སར་གྲོལ་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཞུས་ཁྲེང་ཚང་། ཐང་མིང་དབྱིང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གི་སྙན་སེང་བཀའ་འཁྲོལ་ཞུས་པའི་ཁྲིམས་སྲོལ་3དང་ཆབ་མདོ་གྲོང་ཁྱེར་གྱི་སྙང་སེང་བཀའ་འཁྲོལ་ཞུས་པའི་ཁྲིམས་སྲོལ་རང་བཞིན་གྱི་གཏན་འབེབས་1ལ་ཆོག་མཆན་སྤྲད་པ་རེད།
ཚོགས་འདུའི་ཐོག《རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོའི་དུས་ཚོད་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་། 《རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁོངས་མིའི་མི་གྲངས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 《རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་གྱི་སྐབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་གྲངས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་འཆམ་བྱུང་བ་དང་བློ་བཟང་རྒྱལ་མཚན་གྱིས་བསྐོ་གཞག་བྱས་པའི་མི་སྣར་བསྐོ་གཞག་ཡི་གེ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ལས་དོན་གྱི་གཙོ་གནད་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི“གཙོ་གནད་གཅིག་དང་འཆར་གཞི་གསུམ”དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། “དོན་ཆེན་བཞིར”དམིགས་ནས་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱོད་གོ་ཆོད་པའི་སྲིད་ཇུས་བྱ་ཐབས་དང་ལག་ལེན་གྱི་ཉམས་མྱོང་དུས་ཐོག་ཏུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་རིམ་སྤོར་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཀ་དག་པའི་འཚོ་བ་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བྱེད་རིང་གི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་དགོས་པ་དང་། ཁྲིམས་སྲོལ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ལ་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་ལྟ་བ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་སྲོལ་ཡིག་ཡང་དག་ནུས་ལྡན་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་གིས་འདེམས་བསྐོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། འཐུས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་། བྱང་ཚད་ཀྱི་འགག་སྒོ གྲུབ་ཆའི་འགག་སྒོ སྤྱོད་གཙང་གི་འགག་སྒོ འཇོན་ཐང་གི་འགག་སྒོ་བཅས་ནན་གྱིས་བསྲུངས་ནས་འདེམས་བསྐོའི་ལས་དོན་སྤྱོད་གཙང་གཞུང་དྲང་དང་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དེ་རང་སྐྱོང་ལྗོངས་ཀྱི“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འདི་ལོའི་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཉིན་དེའི་སྔ་དྲོར། བློ་བཟང་རྒྱལ་མཚན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་72པ་གཙོ་སྐྱོང་གནང་སྟེ། མཇུག་འགྲིལ་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ་རེད།
མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ་དང་། གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་རྩ་ཁྲིམས་དམ་འཇོག་བྱས་པ། འོད་ཟེར་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་དམ་བཅའ་འཇོག་པར་ལྟ་སྐུལ་ཡང་གནང་བ་རེད།