དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་འབྲིའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-04-01

     ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་འབྲིའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལག་བསྟར་བྱས་ཏེ་སྙན་སེང་གསན་པ་དང་། གནད་དོན་ལ་དབྱེ་ཞིབ། ཉམས་མྱོང་ཕྱོགས་སྡོམ། ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཞིང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། དགོངས་སྐོར་སྙན་སེང་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། དོན་གནད་གལ་ཆེན་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བ་བཅས་བྱས་ཏེ་ལས་དོན་གྱི་ཚད་ལྡན་ཅན་དང་། ཚན་རིག་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་། ཚན་རིག་ལུགས་མཐུན་དང་དངོས་གཉེར་གྲོན་ཆུང་གི་འགྲོ་གྲོན་སྔོན་རྩིས་སྒྲིག་བཟོ། དུས་ཐོག་ཏུ་སྔོན་རྩིས་ཞིབ་བཤེར་གཏན་འབེབས། འཆར་གཞི་ལྟར་མ་དངུལ་གཏོང་སྤྲོད་བཅས་བྱས་ནས་ལས་ཀའི་མྱུར་ཚད་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་ཏན་ཏིག་བྱེད་དགོས། ལས་བགོས་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་དང་། ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ། ཁུངས་འཚོལ་ར་སྤྲོད་ལ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་སྔོག་འདོན་བྱེད་པ། ཞིབ་འཇུག་གི་གྲུབ་འབྲས་ཁག་ལེགས་སྒྲིག་བྱེད་པ། རིགས་དབྱེ་ཅན་དང་ཁྱད་པར་ཅན་གྱི་སྒོ་ནས་ཀློག་དེབ་རྩོམ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བརྩམས་ཆོས་རྩེ་གྲ་འདོན་པ། མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

    ཀློག་དེབ་རྩོམ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཚོགས་འདུའི་ཐོག ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། དབང་གྲགས་རང་བཞིན། ཚད་ལྡན་རང་བཞིན། དུས་རབས་རང་བཞིན། བརྒྱུད་རིམ་རང་བཞིན། ཀློག་རིན་ཡོད་པའི་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བླང་བྱ་བཅས་ཀློག་དེབ་རྩོམ་སྒྲིག་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས། ཀློག་དེབ་རྩོམ་སྒྲིག་ལས་དོན་དཔུང་ཁག་ལེགས་འདེམས་ཧྲག་སྒྲིག་བྱས་ནས་སྤྱི་ཁྱབ་རྩོམ་སྒྲིག་ཨུ་ལྷན་དང་ཡན་ལག་རྩོམ་སྒྲིག་ཨུ་ལྷན་ཁག་གི་འཁོར་རྒྱུག་ལམ་སྲོལ་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཀློག་དེབ་སྤྱོད་པའི་ཁྱབ་ཁོངས་ཁ་གསལ་བཟོ་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དུས་བཀག་ལྟར་མཉམ་ཞིབ་མཉམ་དཔྱད་བཅས་བྱས་ནས་ཀློག་དེབ་མི་འདྲ་བའི་ཁྲོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་དོན་རྐྱེན་གལ་ཆེན་གྱི་ཞིབ་གླེང་གཅིག་གྱུར་དང་ཕན་ཚུན་འབྲེལ་མཐུད་ཐུབ་པའི་འགན་ལེན་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་འགག་སྒོ་སྲུང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀློག་དེབ་ཞིབ་བཤེར་གཏན་འབེབས་ལམ་ལུགས་དང་འབྲེལ་ཡོད་དཔེ་སྐྲུན་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ། ཀློག་དེབ་རྩོམ་སྒྲིག་གི་འགག་སྒོ་དང་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་སྒྲིག་ཡིག་ལ་གཞི་འཛིན་ས་ཡོད་པ་དང་། སྒྲིག་སྲོལ་ལ་གཞི་འཛིན་ས་ཡོད་པ། སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།