དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་དེ་སྔའི་ཁོངས་མི་ཀྲུའུ་ཞི་གཞོན་པ་སུན་པའོ་ཞང་ཏང་གི་སྐྱིད་སྡུག་ནས་ཕུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-26

    ཉིན་ཤས་གོང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་དེ་སྔའི་ཁོངས་མི་ཀྲུའུ་ཞི་གཞོན་པ་སུན་པའོ་ཞང་གིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། སུན་པའོ་ཞང་ལ་ཕུགས་བསམ་དང་དད་སེམས་ཉམས་པ་དང་།  ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ།  སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཁེ་བཟང་ཁོ་ནར་རྔམ་པ།  གཞན་གྱི་བསླུ་བྲིད་འོག་ཚུད་ཀྱང་སྣང་མེད་བཏང་བ།  གནས་ཚུལ་ཡོད་པའི་རྒྱུ་དངུལ་སྤོ་སྒྱུར་བྱས་པ།  རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱས་པ།  དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱི་ས་ནས་ལག་རྟགས་དང་དངུལ་བླངས་པ།  རང་གིས་གྲོན་དངུལ་མ་བཏང་བར་ཁང་པར་མཛེས་བཟོ་བྱེད་པའི་ཞབས་ཞུ་དང་ལེན་བྱས་པ།  ཡུན་རིང་ཁོངས་གཏོགས་ཁེ་ལས་ཀྱི་རླངས་འཁོར་བདག་བཟུང་བྱས་པ།  ལས་ཀའི་ཁྲོད་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོས་པ།  རང་དགར་གསང་བའི་ཡིག་ཆ་ཉར་ཚགས་བྱས་པ།  སྒྲིག་འགལ་ངང་ཁེ་ལས་ཀྱི་དཔྱ་ཁྲལ་བསློགས་པ།  གཞུང་ཁོངས་ས་ཆའི་བེད་སྤྱོད་བྱེད་དབང་གོང་ཁེ་པོས་ནང་བཤུག་བཏང་བ།  སྒྲིག་འགལ་ངང་དངུལ་བླངས་ནས་གནས་སྐབས་བེད་སྤྱོད་མེད་པའི་ས་ཆ་བསྡུ་རོགས་བྱས་པ།  ནོར་སྲིད་དོ་དམ་ཟང་ཟིང་ཡིན་པ།  གོ་གནས་ཐོག་གི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་པ།  ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པ་མ་ཟད་དངུལ་འབོར་ཧ་ཅང་མང་བ་བཅས་ཀྱི་གནད་དོན་ཡོད་པ་རེད།

    སུན་པའོ་ཞང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་ཡང་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན།  སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས།  ལས་ཐོག་ཁྲིམས་འགལ་གྱི་ནག་ཉེས་བསགས་པ་དང་།  ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་པ་ཡོད་པ་མ་ཟད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་སྔར་བཞིན་མཚམས་དང་ཚོད་བྱས་མེད་པས་ཐག་གཅོད་ནན་པོ་བྱེད་དགོས་ངེས་རེད།  དེ་དང་དུས་མཚུངས། རང་འགུལ་ངང་ངོས་ལེན་ཞུས་པ་དང་།  གནས་ཚུལ་ཡོད་པའི་རྒྱུ་དངོས་ཕྱིར་སློག་ཧུར་ཐག་བྱས་པ།  གྱོང་གུན་ཉུང་དུ་གཏོང་བ་སོགས་ཀྱི་ཐག་གཅོད་གུ་ཡངས་གཏོང་རུང་བའི་བྱ་སྤྱོད་ཀྱང་ཡོད་པས།   《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།   རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཞིབ་འཇུག་བྱས་པ་དང་སྦྲགས།  རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་འགོད་རྒྱུར་ཕུལ་རྗེས།  སུན་པའོ་ཞང་ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་།  གཏན་འབེབས་གཞིར་བཟུང་རྒན་ཡོལ་ཞུས་རྗེས་ཀྱི་ཐོབ་ཆ་ལེགས་སྒྲིག་བྱ་རྒྱུ།  དེའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་བཞིན་ཞིབ་བཤེར་ཞུ་གཏུག་དང་།   གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ཡང་མཉམ་དུ་བསྐྱལ་རྒྱུའི་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།