དབུ་ཤོག>སྲིད་དོན།
  • རང་སྐྱོང་​ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-24

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཉིན་ཤས་གོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། སྙན་སེང་ཉན་པ་དང་། དུས་བབ་ལ་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གྱིས་མུ་མཐུད་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ལྷོད་གཡེང་གཏན་འགོག་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། དུས་བབ་ལ་གནད་དུ་སྨིན་པའི་བརྡར་ཤ་གཅོད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། གཏན་ལ་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ། དོན་རྐྱེན་མི་ཐོན་པ་དང་ཀྲུང་དབྱང་ལ་རྙོག་དྲ་མི་བཟོ་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ཏེ། ཟླ་3པའི་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སླར་ཡང་བྱས་རྗེས་དང་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་པད་མ་དབང་འདུས་དང་དབང་ཧའེ་ཀྲོའུ་རང་སྐྱོང་ལྗོངས་ཀྱི་ཚོགས་ར་གཙོ་བོའམ་ཡང་ན་གྲོང་ཁྱེར་དང་ས་ཁུལ་དང་རྫོང་དང་ཆུས་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

    ཀྲོང་ཡན་གྱིས་ཉེ་དུས་ཚུན་དུ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་སྟོབས་ཤུགས་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི“བཀའ་མོལ་གསུམ”གྱི་བླང་བྱ་དོན་འཁྱོལ་དང་། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ཡི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་ཏང་གི་འགོ་ཁྲིད་ཀྱི་ལེགས་ཆ་འདོན་སྤེལ་ལ་སྣང་ཆེན་དང་། སྤྱི་འདོམས་འཆར་འགོད་བྱས་ནས་ཟུང་འབྲེལ་ཡག་པོ་བྱེད་པ། ཐབས་ཇུས་ལ་དང་དོད་བྱས་ནས་ལས་དོན་སྤེལ་བ། གཞི་རིམ་གྱི་རྩ་འཛུགས་ནུས་པ་འདོན་པ། གཏོགས་ཁོངས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་ཡོད། ལེ་དབར་བརྒྱ་ཡི་ཤུལ་ལམ་ལས་དགུ་བཅུ་བཅད་པ་ལམ་ཕྱེད་ཙམ་ཡིན་པས། རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློའི་དོགས་ཟོན་རང་བཞིན་དང་། བྱ་ཐབས་ཀྱི་གོ་ཆོད་རང་བཞིན། སྒྲིག་ལམ་གྱི་དམ་ནན་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་ལ་ཐོན་པའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ཁོང་དུ་ཡང་དག་ཆུད་པ། དུས་དང་རྣམ་པ་ཀུན་ཏུ་འགྲན་སློང་གལ་ཆེན་ལ་ཁ་གཏད་འཇལ་བ་དང་། ཉེན་ཁ་ཚབས་ཆེན་འགོག་པ། དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པ་བཅས་ལ་གྲ་སྒྲིག་ཨང་བསར་བྱེད་པ། ནན་ཏན་ཞིབ་ཚགས་དང་དངོས་སྒྲུབ་ནུས་ཆེའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དམག་འཐབ་དང་དུས་མཚམས་དབྱེ་ནས་ཟླ་3པའི་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།