དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་མངའ་རིས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2021-03-23

     ཟླ་3ཚེས་13ནས་19ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ནས། གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    དབང་ཧའེ་ཀྲོའུ་དང་བཅས་པས་སྔ་རྗེས་སུ་སྒར་རྫོང་དང་། རུ་ཐོག་རྫོང་། རྩྭ་མདའ་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་དང་། མཐའ་སྲུང་དཔུང་སྡེ། སྤྱི་བདེའི་ཞིབ་བཤེར་ས་ཚིགས་སོགས་ཀྱི་ཚན་པར་ཕེབས་ནས་ས་ཆ་དངོས་སུ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་གནང་བ་དང་སྦྲགས། ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་ལས་སྒྲུབ་དཔོན་དམག་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དཔུང་སྡེའི་བཀོད་འཐབ་པ་བཅས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་བག་མེད་ལྷོད་གཡེང་གི་བསམ་བློ་དང་དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “དེ་བས་ནན་པ་གསུམ”གྱི་ཆེད་དོན་སློབ་གསོ། སྐོར་གཟིགས་དག་ཐེར་བཅས་དང་ཟུང་འབྲེལ་ཡག་པོ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།