ཉིན་ཤས་གོང་། 2021ལོའི་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་ཉེན་སྤྱོད་གོ་མཚོན་འགྲེམས་སྟོན་བྱེད་སྒོ་ལྷ་སར་སྤེལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་བྱེད་སྒོར་ཕེབས་པ་དང་གསུང་བཤད་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོ་ཕེབས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྦྱོང་བརྡར་ལ་ཞུགས་པའི་མི་དམངས་ཉེན་རྟོག་པའི་འཐུས་མི་རྣམས་དཔའ་ཉམས་ལྡན་པ་དང་། སྙིང་སྟོབས་ཆེར་སྐྱེད། གྲལ་སྟར་འགྲིག་པ། ཀུན་སེམས་གཅིག་སྒྲིལ། བརྟན་ལྷིང་འགན་ལེན་བཅས་ཀྱི་གཞུང་སེམས་རྣམ་དག་ངང་མངོན་ཞིང་། ཀྲོང་ཡན་གྱིས་སྔ་རྗེས་སུ་གོ་མཚོན་འགྲེམས་སྟོན་ཁུལ་དང་ལྟ་སྦྱོང་ཁུལ་དུ་ཕེབས་ནས། མི་མེད་འཕྲུལ་ཆས་རིགས་དང་། འཕྲིན་གཏོང་རིགས། འཕྲལ་སྒྲུབ་འགོག་རྒོལ་རིགས། བདེ་འཇགས་ཞིབ་བཤེར་གྱི་འབར་གས་དངོས་པོ་འཚོལ་བའི་རིགས་སོགས་ཉེན་སྤྱོད་གོ་མཚོན་གྱི་འགྲེམས་སྟོན་ལ་གཟིགས་པ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འཇིགས་རྒོལ་དམིགས་བསལ་མྱུལ་ཞིབ་རུ་ཁག་གི་སྙན་ཞུ་དང་འགྲེམས་སྟོན་སློབ་ཚན་ལྟ་སྦྱོང་གནང་བ་རེད།
ཀྲོང་ཡན་གྱིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་ཡང་ཡིན་པས། དོན་ཆེན་མང་བ་དང་། བཀྲ་ཤིས་པའི་བྱ་བ་མང་བ། དོན་དག་གལ་ཆེན་མང་པོ་ཡོད། དམིགས་བསལ་གྱི་དུས་སྐབས་གལ་ཆེན་འདི་རིགས་དང་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་མི་དམངས་ཉེན་རྟོག་པ་ཚོས་འགན་འཁྲི་འཁུར་ཕོད་པ་དང་། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་བྱེད་དགོས། ཚང་མས་ངེས་པར་དུ་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཕན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། གཡུལ་ས་གཙོ་བོར་དམིགས་པ་དང་། གཙོ་ཤུགས་དམག་ཡག་པོ་བྱེད་པ། གཡུལ་ས་གཙོ་བོ་ཡག་པོ་སྲུང་བ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱེད་པ། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་མཐའ་གཅིག་ཏུ་ལེགས་སྒྲུབ་ཡག་པོ་བཅས་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།