དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་རིག་རྩལ་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-16

     ཚེས་12ཉིན་ལྷ་སར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་རིག་རྩལ་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་རྟེན་འབྲེལ་ཆེ་མོའི་དྲིལ་བསྒྲགས་རིག་རྩལ་ལས་དོན་ལ་ཆེད་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་གཞིས་རྩེའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

    དབང་ཧའེ་ཀྲོའུ་ཡིས། རྟེན་འབྲེལ་ཆེ་མོའི་གྲ་སྒྲིག་ལས་ཀའི་དུས་ཚོད་གཏུགས་པ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཡོད་པར་བརྟེན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་གཏན་འཁེལ་བའི་ཇུས་གཞི་ལྟར་འགན་འཁྲི་ཁག་བགོས་གསལ་པོ་བྱས་ཏེ་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་དང་། འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ། ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་བ་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་བྱེད་སྒོ་གང་ལེགས་སྤེལ་ནས་སྨྱན་སྦྱོར་དང་། སྒྲོག་འགྲེལ་ཚོགས་པ། རིག་རྩལ་འཁྲབ་སྟོན། གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་ལེགས་ཆ་སྣ་ཚོགས་འདོན་སྤེལ་བྱས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་འགྲེམས་སྟོན་ཡག་པོ་བྱེད་པ་དང་། གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་བྱེད་སྒོའི“བདེ་འཇགས་འགག་སྒོར”དམ་འཛིན་ནན་པོ་བྱས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་རྩིས་སྤྲད་པའི་ལས་འགན་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།