དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་པེ་ཅིང་དུ་རྒྱལ་ཁབ་ནུས་རྒྱུ་ཅུས་དང་། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་ཏ་ཐང་ཚོགས་པ། པའོ་ནེང་ཚོགས་པ་བཅས་སུ་འཚམས་འདྲིར་ཕེབས་ནས་འབྲེལ་ཡོད་འགོ་ཁྲིད་མི་སྣ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-15

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་པེ་ཅིང་དུ་རྒྱལ་ཁབ་ནུས་རྒྱུ་ཅུས་དང་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་སུ་འཚམས་འདྲིར་ཕེབས་ནས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ཧྭ་དང་། རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཀྲུང་གོ་རྡོ་ཐ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཅན་མིང་དང་བཞུགས་མོལ་གནང་སྟེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུའི་སྐོར་སྤེལ་རེས་གཏིང་ཟབ་གནང་བ་རེད།

    རྒྱལ་ཁབ་ནུས་རྒྱུ་ཅུས་སུ་འཚམས་འདྲིར་ཕེབས་སྐབས། ཆེ་དགྲ་ལྷས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་གནང་བ་དང་། བོད་ཀྱི་ནུས་རྒྱུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ། དམིགས་གསལ་གྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་དང་། འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག ལས་སྒོའི་ལས་དོན་ལ་མཛུབ་ཁྲིད་སོགས་ཕྱོགས་མང་པོ་ནས་བོད་ལ་དམིགས་བསལ་གྱི་དོ་ཁུར་དང་ལྟ་རྟོག་གནང་སྟེ། བོད་ལ་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མི་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱུང་བ་དང་དེ་སྔོན་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་སྒྲུབ་རོགས་གནང་བས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་གནང་བ་རེད།

    ཆེ་དགྲ་ལྷས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་བོད་བྱང་ཐང་གི་སྣུམ་རླངས་འཚོལ་ཞིབ་ལས་དོན་དང་བོད་ཀྱི་ནུས་རྒྱུ་གཙང་མའི་འབྲེལ་མཐུད་རྟེན་གཞིའི་འཛུགས་སྐྲུན་ལ་མུ་མཐུད་དོ་ཁུར་དང་མགྱོགས་མྱུར་སྐུལ་འདེད་གཏོང་བའི་རེ་བ་འཆང་གི་ཡོད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད་ལ་རྒྱབ་སྐྱོར་གནང་བའི་རེ་འདུན་ཡང་ཡོད་ཅེས་གསུངས་པ་རེད།

    ཀྲང་ཅན་ཧྭ་ཡིས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་བོད་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱིས་རེ་འདུན་ཞུས་པར་རེ་རེ་བཞིན་ལན་རྒྱག་གི་ཡིན་ཞེས་གསུངས་པ་རེད།

    རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ལ་འཚམས་འདྲིར་ཕེབས་སྐབས། ཆེ་དགྲ་ལྷས་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་བོད་ལྗོངས་མཐའ་སྟོབས་མཐའ་བརྟན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། མཐའ་དར་དམངས་ཕྱུག་གི་འདུ་འགོད“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་འཆར་འགོད་དུ་བཅུག་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲང་ཅན་མིན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས་བཅས་ལ་མུ་མཐུད་བོད་ལ་མ་དངུལ་གྱིས་རྒྱབ་སྐྱོར་དང་། སྲིད་ཇུས་མི་འགྱུར་བ་དང་རོགས་རམ་བྱེད་ཤུགས་ཆུང་དུ་གཏོང་གི་མིན་ཞེས་བསྟན་གནང་བ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱབ་སྐྱོར་རྣམ་གྲངས་གལ་ཆེན་གཏན་འཁེལ་ཁ་གསལ་གནང་བ་རེད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་པེ་ཅིང་དུ་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཆན་ཝུན་ཧུའེ་དང་། ཀྲུང་གོ་ཏ་ཐང་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཙེའུ་ལེ། པའོ་ནེང་མ་འཇོག་ཚོགས་པའི་ཏུང་ཧྲི་ཀྲང་ཡའོ་ཀྲེན་ཧྭ་བཅས་དང་བཞུགས་མོལ་གནང་བ་མ་ཟད། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་ཀྲུང་གོ་ཏ་ཐང་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་དམིགས་ནས་རང་སྐྱོང་ལྗོངས་དང་ཁེ་ལས་དབར་གྱི་མཉམ་ལས་རྒྱུན་མཐུད་ཟབ་ཏུ་བཏང་བ་རེད།

    ཆེ་དགྲ་ལྷས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བོད་ཀྱི་མཐའ་མཚམས་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཐེངས་འདིའི་གྲོས་མཐུན་བཞག་པ་གོ་སྐབས་སུ་བྱས་ནས་དངུལ་བུན་འཇོག་པའི་གཞི་ཁྱོན་དང་། དཔུང་ཁག་འཛུགས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་བཅས་ཀྱི་ཐད་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་ཀྲུང་གོ་ཏ་ཐང་ཚོགས་པའི་ཏུང་ཧྲི་ཀྲང་ཙེའུ་ལེ་དང་མཇལ་འཛོམས་གནང་སྐབས། ཉེ་བའི་ལོ་ཤས་རིང་ཏ་ཐང་ཚོགས་པས་བོད་ཀྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་འབད་བརྩོན་དང་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས་ཀྲུང་གོ་ཏ་ཐང་ཚོགས་པས་ཐེངས་འདིའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་གོ་སྐབས་སུ་བྱས་ཏེ། ཀྲུང་དབྱང་ནུས་རྒྱུའི་ཁེ་ལས་ཀྱི་ཕྱོགས་བསྡུས་ལེགས་ཆ་གང་ལེགས་འདོན་པ་དང་བོད་ཀྱི་ནུས་རྒྱུ་གཙང་མའི་གསར་སྤེལ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་གྲོས་མཐུན་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཏན་ཏན་ཏིག་ཏིག་ངང་ལེགས་གྲུབ་ཡག་པོ་དང་མངོན་འགྱུར་ཡག་པོ་གནང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་པའོ་ནེང་ཚོགས་པའི་ཏུང་ཧྲི་ཀྲང་ཡའོ་ཀྲེན་ཧྭ་དང་མཇལ་འཛོམས་གནང་སྐབས། པའོ་ནེང་ཚོགས་པས་འབྲི་གཡག་དང་། བོད་ཕག བོད་བྱ་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་ལེགས་པའི་གསོ་ཚགས་དང་ལས་སྣོན་ཞིབ་ཕྲ་སོགས་ལ་རང་སྐྱོང་ལྗོངས་དང་ཁེ་ལས་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆན་ཝུན་ཧུའེ་དང་། ཙེའུ་ལེ། ཡའོ་ཀྲེན་ཧྭ་བཅས་སོ་སོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། བོད་ལ་མ་དངུལ་མཉམ་བསྡུའི་རྒྱབ་སྐྱོར་དང་རྣམ་གྲངས་གསར་སྤེལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་དང་། ཕྱོགས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱིས་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཐོན་ལས་ཀྱི་བཀོད་པ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།