རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་གནང་ཞིང་། ཚོགས་འདུའི་ཐོག ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས་བསྐྱར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནང་བཅུག་ཡོད་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་གྱི་གཞི་རྩའི་བཅའ་ཁྲིམས》གཉིས་ལས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་དང་སྲིད་ལུགས་ཀྱི་རྨང་གཞི་གྲུབ་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ལག་བསྟར་བྱེད་པའི་སྲིད་འཛིན་དཔོན་དང་ཁྲིམས་འཛུགས་ལྷན་ཚོགས་འདེམས་ཐོན་བྱ་ཐབས་ཚུད་པའི་འདེམས་བསྐོའི་ལམ་ལུགས་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཆབ་སྲིད་སྒྲིག་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དོན་དངོས་དང་འཚམ་མཐུན་ཡོང་བར་བྱས་ནས། རྒྱལ་གཅེས་ཀང་གཅེས་བས་ཤང་ཀང་སྐྱོང་བའི་འགན་ལེན་ཐུབ་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ལ་ཕན་པ་ཡོད་པ། ཤང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་ཞིག་ཡིན་དགོས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་འཚམ་པའི་དམངས་གཙོའི་ལམ་ལུགས་ཤིག་འཕེལ་རྒྱས་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་སོ་གཅིག་པ་དང་། དོན་ཚན་རེ་གཉིས་པའི་ནང་གསེས་གཉིས་པ་དང་། བཅུ་བཞི་པ། བཅུ་དྲུག་པ་བཅས་ཀྱི་གཏན་འབེབས། དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པ་གཤམ་གསལ།
གཅིག ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ངེས་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡང་དག་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ནང་གཏན་ལ་ཕབ་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་སྲིད་ལུགས་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ཞུས་ནས། རྒྱལ་གཅེས་བས་གཙོ་བོ་བྱས་པའི“ཤང་ཀང་བས་ཤང་ཀང་སྐྱོང་བའི”འགན་ལེན་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་ཏན་ཏིག་བཏང་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཏན་སྡོད་ཡུལ་མིའི་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་འགན་ལེན་བྱེད་དགོས།
གཉིས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་འཐུས་ཚབ་རང་བཞིན་རྒྱ་ཁྱབ་ལྡན་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་འཚམ་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཁེ་ཕན་མཚོན་པ་བཅས་ཀྱི་འདེམས་བསྐོ་ཨུ་ལྷན་ཞིག་འཛུགས་དགོས། འདེམས་བསྐོ་ཨུ་ལྷན་གྱིས་སྲིད་འཛིན་དཔོན་རྗེས་མའི་འོས་མི་དང་ཁྲིམས་འཛུགས་ལྷན་ཚོགས་གྱི་གྲོས་མི་ཁག་གཅིག་འདེམས་བསྐོ་དང་དེ་བཞིན་སྲིད་འཛིན་དཔོན་གྱི་འོས་མི་དང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་འོས་མི་མིང་འདོན་བྱེད་པ་སོགས་ཀྱི་འགན་འཁུར་དགོས།
འདེམས་བསྐོ་ཨུ་ལྷན་ནི་བཟོ་ཚོང་དང་དངུལ་རྩའི་རིགས་ཁོངས་དང་། ཆེད་ལས་རིགས་ཁོངས། གཞི་རིམ་དང་ངལ་རྩོལ་བཟོ་པ་དང་ཆོས་ལུགས་སོགས་ཀྱི་རིགས་ཁོངས། ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་མི་སོགས་ཀྱི་རིགས་ཁོངས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཚོགས་པའི་ཤང་ཀང་གི་ཁོངས་མིའི་འཐུས་མིའི་རིགས་ཁོངས་བཅས་རིགས་ཁོངས་5ཡི་ཨུ་ཡོན་1500ལས་གྲུབ་པ་རེད།
གསུམ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ནི་འདེམས་བསྐོ་ཨུ་ལྷན་གྱིས་འདེམས་དགོས་པ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བསྐོ་གཞག་བྱེད་དགོས།
སྲིད་འཛིན་དཔོན་གྱི་འོས་མིར་ངེས་པར་དུ་འདེམས་བསྐོ་ཨུ་ལྷན་གྱི་ཨུ་ཡོན་188ལས་མི་ཉུང་བའི་མཉམ་འབྲེལ་མིང་འདོན་རག་དགོས་པ་མ་ཟད། གོང་གསལ་རིགས་ཁོངས་ལྔའི་ཁྲོད་ནས་མིང་འདོན་ལ་ཞུགས་མཁན་རིགས་ཁོངས་མི་རེ་ངོ་རེའི་ཨུ་ཡོན་15ལས་མི་ཉུང་བ་ཡོད་དགོས། འདེམས་བསྐོ་ཨུ་ལྷན་གྱིས་མི་རེས་མིང་མ་བཀོད་པར་འདེམས་ཤོག་རེ་འཕངས་ཏེ་སྲིད་འཛིན་དཔོན་རྗེས་མའི་འོས་མི་འདེམས་དགོས་པ་དང་སྲིད་འཛིན་དཔོན་རྗེས་མའི་འོས་མིར་ངེས་པར་དུ་འདེམས་བསྐོ་ཨུ་ལྷན་གྱི་ཨུ་ཡོན་ཡོངས་ནས་ཕྱེད་ཀ་ཡན་གྱི་རྒྱབ་སྐྱོར་འཐོབ་དགོས།
བཞི། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི་སྐབས་ཐེངས་རེར་མི་90ཡོད་དགོས། འདེམས་བསྐོ་ཨུ་ལྷན་གྱིས་འདེམས་བསྐོ་དང་། ནུས་པའི་ཚོགས་པས་འདེམས་བསྐོ། ཡན་ལག་ཁུལ་ཁོངས་ཀྱིས་ཐད་ཀར་འདེམས་བསྐོ་བཅས་བྱེད་པའི་བྱ་ཐབས་གསུམ་ལ་བརྟེན་ནས་ཁག་སོ་སོར་འདེམས་བསྐོ་བྱེད་དགོས།
ལྔ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འོས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཙུགས་ཏེ། འདེམས་བསྐོ་ཨུ་ལྷན་གྱི་ཨུ་ཡོན་གྱི་འོས་མི་དང་། སྲིད་འཛིན་དཔོན་གྱི་འོས་མི། ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་འོས་མི་བཅས་ཀྱི་ཐོབ་ཐང་ལ་ཞིབ་བཤེར་དང་གཏན་འཁེལ་བྱེད་འགན་འཁུར་དགོས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་འབྲེལ་ཡོད་ཀྱི་ཐོབ་ཐང་ཞིབ་བཤེར་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འོས་མིའི་ཐོབ་ཐང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་མེད་བཞིའི་འགྲེལ་བཤད་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་ཐོབ་ཐང་གནད་དོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་དང་དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་དགོས།
དྲུག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཏན་འབེབས་འདི་གཞིར་བཟུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ཀྱི་ཞར་བྱུང་དང་པོ《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་འདེམས་ཐོན་བྱ་ཐབས》དང་ཞར་བྱུང་གཉིས་པ《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཨུ་ལྷན་འདེམས་ཐོན་བྱ་ཐབས་དང་བརྡས་ཐག་གཅོད་པའི་བརྒྱུད་རིམ》ལ་བཟོ་བཅོས་རྒྱག་རྒྱུའི་དབང་ཆ་སྤྲོད་དགོས།
བདུན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་གཏན་འབེབས་འདི་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ཀྱི་ཞར་བྱུང་དང་པོ《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་འདེམས་ཐོན་བྱ་ཐབས》དང་ཞར་བྱུང་གཉིས་པ《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཨུ་ལྷན་འདེམས་ཐོན་བྱ་ཐབས་དང་བརྡས་ཐག་གཅོད་པའི་བརྒྱུད་རིམ》ལ་གཞིགས་ཏེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ་འབྲེལ་ཡོད་འདེམས་བསྐོའི་བྱེད་སྒོ་ཁྲིམས་ལྟར་སྒྲིག་འཛུགས་དང་། ཚད་ལྡན་བཟོ་བ། དོ་དམ་བཅས་བྱེད་དགོས།
བརྒྱད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ཀྱི་བཀོད་སྒྲིག་དང་འདེམས་བསྐོའི་རྩ་འཛུགས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་གལ་ཆེན་ལ་གཞིགས་ནས་དུས་ཐོག་ཏུ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས།
དགུ། གཏན་འབེབས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་འབྱོར་བའི་གློག་འཕྲིན)