དབུ་ཤོག>སྲིད་དོན།
  • ཀྲོང་ཡན་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་བཅའ་འཇོག་པའི་སྐུལ་སློང་ཚོགས་ཆེན་དང་དེ་བཞིན་དྲག་ཆས་ཕྱིར་སྐྱོད་སྦྱོང་བརྡར་གྱི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-03-12

    ཚེས་10ཉིན་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་དང་པོའི་སྦྱོང་བརྡར་ཐང་དུ་དཔུང་རུ་བརྗིད་ཉམས་ཆེ་ལ་སྒམ་བརླིང་ལྡན་ཞིང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་བཅའ་འཇོག་པའི་སྐུལ་སློང་ཚོགས་ཆེན་དང་དེ་བཞིན་དྲག་ཆས་ཕྱིར་སྐྱོད་སྦྱོང་བརྡར་གྱི་བྱེད་སྒོ་དེ་གར་སྤེལ་བཞིན་ཡོད། བོད་སྡོད་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་སོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཁག་ལེགས་སྒྲུབ་བྱེད་པར་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་བྱེད་སྒོར་ཞུགས་ནས་གསུང་བཤད་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བྱེད་སྒོར་ཞུགས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་བྱེད་སྒོ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་སྦྱོང་བརྡར་ལ་ཞུགས་མཁན་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    ཀྲོང་ཡན་གྱིས། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཡིན་པས་དོན་ཆེན་དང་། བྱ་བཟང་། གནད་འགག་བཅས་མང་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྐྱེན་མ་བྱུང་གོང་ནས་ཟློག་རྒྱུ་རྩ་དོན་དུ་བཟུང་སྟེ་ལས་དོན་སྒྲུབ་པ། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བར་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། དངོས་འཐབ་ཁྲོད་ཏང་དང་མི་དམངས་ཀྱི་ཞིབ་བཤེར་དང་ལེན་བཅས་བྱས་ཏེ་བྱ་སྤྱོད་དངོས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་དམ་བཅའ་ལག་ལེན་བསྟར་དགོས། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཚོད་བགམ་ནན་ཤོས་བསུ་བ་དང་། དུས་བབ་ཁག་ཤོས་ལ་ཁ་གཏད་འཇོག་པ། འཐབ་རྩོད་རྙོག་འཛིང་ཆེ་ཤོས་ལས་རྒྱལ་བ་བཅས་ལ་དམིགས་ཏེ་སྔ་ཕྱི་བར་གསུམ་དུ་བཀའ་ཕབ་མ་ཐག་ཏུ་མཆོང་ཕོད་པ་དང་རྒྱལ་ཐུབ་པར་བྱེད་དགོས། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”“ཁུང་ཧྥན་སན་གྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བའི་བཞོན་གླང་དང་། གསར་གཏོད་འཕེལ་རྒྱས་གཏོང་བའི་རྨོ་གླང་། དཀའ་སྤྱད་འབད་འཐབ་བྱེད་པའི་གླང་རྒན་བཅས“གླང་གསུམ”གྱི་སྙིང་སྟོབས་དར་སྤེལ་བཏང་ནས་རང་རྟོགས་ངང་ཡུལ་ཕྱོགས་གཅིག་གི་བདེ་འཇགས་སྲུང་བ་དང་ཡུལ་ཕྱོགས་གཅིག་གི་བརྟན་ལྷིང་སྲུང་བའི་འགན་འཁྲི་འཁུར་དགོས་པའི་ནན་བཤད་གནང་བ་རེད།

    “ཏང་ལ་ལྷག་བསམ་རྣམ་དག་ཞུས་ནས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་དང་གཏུམ་སྤྱོད་གཏན་འགོག བོད་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བ། རྩ་སྲ་རྨང་བརྟན་དང་མི་སེམས་གཅིག་སྒྲིལ། གཟི་བརྗིད་མཚན་སྙན་གོང་དུ་བཀུར་བ། དམག་རྒྱག་ཕོད་པ་དང་བརྒྱབ་ན་ངེས་པར་དུ་རྒྱལ་དགོས་པ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་གྱི་ཡིན”ཞེས་སྦྱོང་བརྡར་ལ་ཞུགས་མཁན་དཔོན་དམག་ཚོས་སྐད་གསང་མཐོན་པོས་དམ་བཅའ་བཞག་པ་རེད།

    ཀྲོང་ཡན་གྱིས་བཀའ་བཏང་མ་ཐག་ནང་སྦྱོང་ལ་ཞུགས་མཁན་དཔོན་དམག་ཡོངས་དེ་མུར་རླངས་འཁོར་དུ་འཛེགས་ནས་སྐོར་གཡེང་ལས་སྒྲུབ་བྱེད་འགོ་ཚུགས་པ་རེད།

    རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་དུས་གཅིག་ཏུ་དྲག་ཆས་ཕྱིར་སྐྱོད་ནང་སྦྱོང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་རིམ་པའི་འགོ་ཁྲིད་འཆི་མེད་རིག་འཛིན་དང་། ཉི་མ་ཚེ་རིང་། ཅི་གོ་ཀང་། ཝ་ཧྲེང་ཁྲང་། ཞུས་ཁྲེང་ཚང་། ཐང་མིང་དབྱིང་། ཀྲང་ཡན་ཆིང་། མོང་ཞའོ་ལིན། ཀྲང་ཧུང་པོའོ། བསོད་ནམས་རིག་འཛིན། རྒྱ་མཚོ་ལྷ་མོ། ཀྲའོ་ཀྲུང་། ལི་ཀོང་ཆོན་བཅས་རང་སྐྱོང་ལྗོངས་སམ་ཡང་ན་གྲོང་ཁྱེར་དང་ས་ཁུལ་གྱི་དྲག་ཆས་ཕྱིར་སྐྱོད་སྦྱོང་བརྡར་གྱི་བྱེད་སྒོར་ཞུགས་པ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སི་ལིང་ཡོན་གཞོན་པ་ལིའུ་ཝུའེ་ཡིས་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།