དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-10

    ཉིན་ཤས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུཌ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་འཛུགས་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་ཐུགས་རེ་ནན་པོར་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་དམིགས་ནས་2020ལོར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་མངོན་གསལ་དོད་པོས་མངོན་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་དང་ཐུན་མོང་འབྱོར་ཕྱུག་གི་འདུ་ཤེས་ལ་སྐུལ་འདེད་བཏང་བ་མངོན་གསལ་དོད་པོས་མངོན་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ་མངོན་གསལ་དོད་པོས་མངོན་ཡོད་པས་མཐོ་ཚད་དང་། གཏིང་ཚད། ཤུགས་ཚད། དྲོ་སྐྱིད་ཚོར་ཚད་བཅས་ལྡན་པའི་དངོས་ཐོག་བདེན་འཚོལ་དང་། མི་སེམས་འགུལ་བ། འབད་འབུངས་ཡར་བརྩོན། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན། དེར་རྦད་དེ་མོས་མཐུན་དང་མཐའ་གཅིག་ཏུ་བརྩི་བཀུར་ཞུ་རྒྱུ་ཡིན་ལ། གོ་བ་ནན་ཏན་ལེན་པ་དང་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། ངེས་གནས་གནད་ལ་འཁེལ་པོས་འཚོལ་བ་དང་། དམིགས་ཚད་གནད་ལ་འཁེལ་པོས་འཚོལ་བ། འཇུག་གཞི་གནད་ལ་འཁེལ་པོས་འཚོལ་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ད་ཐེངས་ཀྱི་ཚོགས་ཆེན་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་དང་ལས་འགན་ཆད་ལུས་མེད་པར་ལེགས་སྒྲུབ་ཡག་པོ་དང་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། 《རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། མཐའ་བརྟན་མཐའ་སྟོབས་དང་མཐའ་དར་མཐའ་ཕྱུག་ལ་སྐུལ་འདེད་གཏོང་བ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་དང་པོ་ཡག་པོ་སྤོ་ཐུབ་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཕྱོགས་ཡོངས་ནས་འགོ་འཛུགས་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་བ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ་རེད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་བརྩི་བཀུར་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་བསྟན་དོན། རྩ་གནད་དེ་འབད་འཐབ་དམིགས་ཚད་ནས་ནང་དོན་དང་བྱེད་ཐབས་བར་དང་། ཐབས་ཇུས་འགོད་པ་ནས་བརྗོད་བྱེད་ཚིག་སྦྱོར་བར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་རྦད་དེ་མཐུན་ཡོད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། དུས་རབས་ཀྱི་ངེས་གནས། འཐབ་ཇུས་ཀྱི་དགོས་མཁོ་བཅས་དང་ཡང་རྦད་དེ་མཐུན་པ་དེ་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཡོངས་ཀྱི་ཐུན་མོང་གི་བློ་སྟོབས་དང་། དགོས་མཁོ། རེ་སྒུག་བཅས་མཚོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད།

    ཆེ་དགྲ་ལྷས་གསུངས་དོན། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་། སྔོན་རྩིས་ཀྱི་སྙན་སྒྲོན་དང་འཆར་ཟིན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ཞིབ་ཚགས་ཤིང་ལྟ་བདེ་བ། བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་བཅས་ཡོད་པས། དེ་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དོན་དངོས་ཅན་དང་། ཞིབ་ཚགས་ཅན། ཞིབ་ཕྲ་ཅན་བཅས་ཡིན་ལ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྦྲེལ་མཐུད་དམ་ཟབ་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་སྤེལ་རེས་བཅས་ཀྱང་ཡིན་ཁར། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་པས། རྦད་དེ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་བརྩི་བཀུར་ཡང་ཞུ་རྒྱུ་ཡིན།

    ཆེ་དགྲ་ལྷས་ནན་བཤད་གནང་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། དམངས་འཚོའི་ཁྱབ་ཁོངས་དེ་བས་ཆེ་བར་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྒྱུར་བཅོས་གསར་གཏོད་དེ་བས་གཏིང་ཟབ་པའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གིས་བཀོད་པའི་བརྗིད་ཆེའི་འཆར་གཞིར་དམ་པོར་དམིགས་པ་བཅས་བྱས་ཏེ། བསམ་པའི་ཉམས་འགྱུར་བཟང་པོ་དང་རྒྱུན་སྲིང་ལྷོད་མེད་ཀྱི་འབད་འཐབ་སྟོབས་ཤུགས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།