ཟླ་3ཚེས་3ནས་5ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་གཞིས་རྩེ་གྲོང་ཁྱེར་ངམ་རིང་སོགས་རྫོང་8དང་། ཤང་2 གྲོང་ཚོ་9བཅས་སུ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་སྐབས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚོད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས“མི་བྱེད་པ་བཞི་དང་ཐད་ཀ་གཉིས”ཀྱི་རྣམ་པར་བརྟེན་ནས་ས་ཆ་དངོས་སུ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་དང་ཆབས་ཅིག གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་སྤེལ་རེས་གནང་ནས། ཁོ་ཚོའི་བསམ་འཆར་དང་གྲོས་འགོ་ནན་ཏན་གསན་པ་རེད། གཞི་རིམ་གྱི་ལས་བྱེད་པ་ཚང་མས་ཡིག་ཆ་དང་། ཚོགས་འདུ། ལྟ་སྐུལ། ཞིབ་བཤེར། དཔྱད་ཞིབ་སོགས་ཉུང་དུ་ཤུགས་ཆེན་བཏང་བར་བརྟེན་ང་ཚོའི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་སོང་ཞེས་སྙན་སེང་ཞུས་པ་རེད།
ལིའུ་ཅང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་མུ་མཐུད་བཏང་ན། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་དང་པོ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མུ་མཐུད་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཁུར་པོ་ཡང་དུ་གཏོང་བ་གཙོ་གནད་དུ་བཟུང་ནས་རེའུ་མིག་མང་བ་དང་། ཚོགས་འདུའི་རྩིས་ཁྲ་མང་བ། ལུགས་དང་མ་མཐུན་པའི་དཔང་ཡིག་མང་བ་སོགས་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁུར་པོ་ཡང་དུ་གཏོང་བ་དང་འགན་འཁྲི་འཁུར་བ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཞི་མཐུན་བརྟན་ལྷིང་དང་། འཕེལ་རྒྱས། མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བ་བཅས་ལ་ཕན་པ་ཡོད་ཚེ། བློ་ཁོག་ཆེན་པོས་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།