ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། ཉེ་ཆར་ལྗོངས་ཡོངས་ཀྱི་དཔྱིད་དུས་ཀྱི་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་གྲོང་ཁྱེར་དང་ས་ཁུལ་བདུན་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙང་སེང་གསན་པ་དང་། དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ། དཔྱིད་དུས་ཀྱི་མེ་ཟོན་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས། མེ་ཟོན་བདེ་འཇགས་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ་དང་། ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། དེ་བས་ནན་པ་དང་། དེ་བས་ཏན་ཏིག དེ་བས་སྤྱོད་གོ་ཆོད་པ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་དཔྱིད་དུས་ཀྱི་མེ་ཟོན་ལས་དོན་ཏན་ཏིག་དང་། ཞིབ་ཕྲ། གནད་འཁེལ་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཉེ་དུས་རང་ལྗོངས་ཀྱི་ས་ཆ་ཁག་གཅིག་ཏུ་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ཡང་། དུས་ཐོག་ཏུ་མེ་བསད་རྐྱེན་མི་སྣ་འཆི་རྨས་དང་སྒྲིག་བཀོད་གལ་ཆེན་ལ་སྐྱོན་ཤོར་བའི་གནས་ཚུལ་ཐོན་མེད། འོན་ཀྱང་ང་ཚོར་ཉེན་བརྡ་སྒྲོག་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ“སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དཔྱིད་དུས་ཀྱི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འབྱུང་རྩ་ནས་བཅོས་སྒྲིག་དང་། ཆ་ལག་ཚང་བའི་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱེད་ཟབ་ཏུ་གཏོང་བ། དྲིལ་བསྒྲགས་ལ་ཤུགས་སྣོན་དང་། བྱ་ཐབས་དོན་འཁྱོལ། རྩ་བཅོས་ལ་དམ་འཛིན་བཅས་བྱེད་པའི་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་མེ་སྐྱོན་གྱི་དོན་རྐྱེན་ཆེ་གྲས་དང་ཆེས་ཆེ་གྲས་རིགས་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མགྱོགས་མྱུར་ཆེད་དོན་ཚོགས་འདུ་འཚོགས་ཏེ། དཔྱིད་དུས་ཀྱི་མེ་ཟོན་ལས་དོན་བཀོད་སྒྲིག་བྱེད་པ་དང་། དངོས་སྒྲུབ་གོ་ཆོད་ཀྱི་བྱ་ཐབས་བཟོ་བ་དང་འབྲེལ་དོན་འཁྱོལ་ནན་པོ་བྱས་ཏེ་གཏན་ནས་མི་འཕྱུགས་པ་བྱེད་དགོས། “གཅིག་ཀྱང་མ་ལུས་པའི”བླང་བྱ་གཞིར་བཟུང་། འཕྲལ་དུ་ལྗོངས་ཡོངས་ཀྱི་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གཙོ་གནད་གནས་ཡུལ་བཅས་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་གྲལ་བཤེར་དང་ཆེད་དོན་བཅོས་སྒྲིག་བྱས་ཏེ་མེ་སྐྱོན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། གནས་གཅིག་འགན་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་ཤོར་ན་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱེད་པ། སྤྱི་འདོམས་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། ལས་རིགས་ཁག་དང་ཁོངས་གཏོགས་ཁག་གི་མེ་ཟོན་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། མེ་ཟོན་རོགས་སྐྱོབ་རུ་ཁག་གི་ཆེད་ལས་ལེགས་ཆ་བཏོན་ཏེ། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་འགན་ནུས་གཙང་སྒྲུབ་བྱེད་པ་དང་། ནུས་པ་ཆེར་གཏོང་དང་དུས་དང་རྣམ་པ་ཀུན་ཏུ་དམག་གྲབས་བྱས་ནས་རྟག་ཏུ་མེ་གསོད་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གྲ་སྒྲིག་ཨང་བསར་བྱེད་དགོས། རང་བཤེར་ནན་པོ་བྱས་ཏེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་སེལ་བ་དང་། མེ་ཟོན་བདེ་འཇགས་ལ་བབ་བསྟུན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་དངོས་སྲུང་སྐྱོང་ཚན་པ་དང་གྲོང་མིའི་འདུས་སྡོད་ཁུལ་ཁོངས་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ཚན་པའི་མེ་སྐྱོན་དོགས་ཟོན་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བཅས་བྱས་ཏེ་ལས་དོན་ལ་ཕན་འབྲས་དངོས་ཐོན་པ་བྱེད་དགོས།