ཚེས་24ཉིན་གྱི་སྔ་དྲོ། ལྗོངས་སྲིད་གྲོས་ཀྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ལྗོངས་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་སྟེ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་ཆབས་ཅིག ཀྲུང་དབྱང་རྩ་འཛུགས་པུའུ་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། བློ་མཐུན་ཀྲོང་ཡན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་རྒྱུ་ཡིན་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།
ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བསོད་ནམས་རིག་འཛིན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། རྒྱ་མཚོ་ལྷ་མོ། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཀྲོང་ཡན་གྱིས་བསྟན་དོན། ལྗོངས་སྲིད་གྲོས་དང་ལྷག་པར་དུ་ལྗོངས་སྲིད་གྲོས་ཏང་ཙུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེ་བ་ཞིག་རེད། གཅིག་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ལ་གོ་བ་ལོན་ནུས།
ཆབ་སྲིད་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྲིད་གྲོས་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་དམིགས་སར་འབྱོར་བ་དང་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ལ། དུས་བསྟུན་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་ཀྱང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་བྱས་ཏེ“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་དང་། “འགན་ལེན་བཞི”མངོན་འགྱུར་ལ་དམ་པོར་དམིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་དམིགས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་ཏན་ཏིག་འགྱུར་བ་བྱེད་དགོས། གསུམ་ནས་ནན་པོ་བྱེད་པའི་རྩ་བའི་དགོངས་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་གཏོང་དགོས། བཞི་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ་ཏང་གི་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། ཁ་ཕྱོགས་ལ་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་ཀྱི་ནུས་པ་འདོན་པ། ཐུན་མོང་གི་ངོས་འཛིན་དང་། བློ་གྲོས་དང་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཅིག་སྡུད་བཅས་བྱས་ཏེ་བོད་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་བཏོད་དེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།