དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་དུས་ཆེན་རིང་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ལས་སྒྲུབ་དཔོན་དམག་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-18

    ཟླ་2ཚེས་12ཉིན་གྱི་ལོ་གསར་ཚེས་གཅིག་ཉིན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་དུས་ཆེན་དགའ་གཏོང་བྱེད་པའི་སྐབས་སུ་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་དང་། ལྷ་ལྡན་གཙུག་ལག་ཁང་། གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་སུ་སྔ་རྗེས་སུ་ཕེབས་ནས། “དུས་ཆེན་གཉིས”རིང་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་མ་ཟད། དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་། ལས་སྒྲུབ་དཔོན་དམག ཕྱོགས་ཁག་གི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་བཅས་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    བརྙན་ལམ་བཀོད་འདོམས་མ་ལག་བརྒྱུད། ཀྲོང་ཡན་གྱིས་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་དུས་ཆེན་གཉིས་རིང་ལྗོངས་ཡོངས་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་ལས་དོན་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་པ་རེད།

    གཙུག་ལག་ཁང་དུ་ཀྲོང་ཡན་གྱིས་འབྲེལ་ཡོད་ལས་དོན་མི་སྣར། “ལྷ་ལྡན་གཙུག་ལག་ཁང་ངོ་སྤྲོད་ཡག་པོ་བྱེད་པར། གནའ་སྔ་མོ་ནས་བཟུང་བོད་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། ཀྲུང་ཧྭ་ལ་དགའ་བའི་ས་བོན་གཞོན་ནུ་ལོ་ཆུང་ཚང་མའི་སེམས་ཀྱི་ཞིང་སར་མྱུ་གུ་འབུད་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས”ཞེས་བཀའ་མངགས་གནང་བ་རེད།

    ལྷ་ལྡན་གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཕེབས་སྐབས། ཀྲོང་ཡན་གྱིས་ལས་གནས་བརྟན་སྲུང་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ལས་སྒྲུབ་དཔོན་དམག་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་མ་ཟད། ཁོང་ཚོས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལས་དོན་ཁག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་པ་དང་། དེ་བཞིན་ཉེ་དུས་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཀྲོང་ཡན་གྱིས་ཁུག་གསང་གཏན་ནས་མ་ལུས་པའི་འགན་ལེན་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ་དང་། འཇིགས་རྒོལ་གཏུམ་འགོག་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གྲུབ་འབྲས་ཀྱིས་ལག་ལེན་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་འགན་ལེན་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པོ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།