ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་སྒྲོག་འགྲེལ་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་དོན་ལ་ཕྱོགས་བསྡོམས་དང་། སྔོན་ཐོན་ལ་གཟེངས་བསྟོད། ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཐང་མིང་ཡིང་དང་། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པའི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་སྒྲོག་འགྲེལ་པའི་འཐུས་མིར་བྱ་དགའ་གནང་བ་རེད།
ཡན་ཅིན་ཧའེ་ཡིས། ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་བ་ནི“སྤྱི་ཡོངས་གཉིས”ཀྱི་དུས་བབ་གསར་པ་ཁོང་དུ་ཆུད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་གསར་པ་མངོན་འགྱུར་ཡོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་སྒྲིག་གསར་པར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་བཅས་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་འབབ་ས་བཅས་ལ་དམིགས་ཏེ་འགོ་འཛུགས་སྐབས་བཞིན་མཇུག་བསྡུ་བར་གཟབ་ནན་དང་སྙིང་རུས་གཏན་འཁྱོངས་བྱེད་པ་དང་། ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་གཞི་རྟེན་གསར་གཏོད་བྱེད་པ། དུས་རབས་རང་བཞིན་མངོན་པ་དང་། ལག་ལེན་རང་བཞིན་ལ་དོ་སྣང་། མི་དམངས་རང་བཞིན་མངོན་ཐུབ་པ་བཅས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྐས་རིམ་གསར་པར་སླེབས་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བར་ལས་འགན་ལྕི་ལ་དོན་སྙིང་ཟབ་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུག་གི་བསམ་པ་བཅས་ཟབ་ཏུ་བཏང་ནས། མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་ནས་གངས་ལྗོངས་ས་མཐོར“སྲུང་སྐྱོང་གཉིས”ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཏེ། བོད་སྐྱོང་བོད་བརྟན་བོད་དར་གྱི་དབྱངས་སྙན་ལེན་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་སྒྲོག་འགྲེལ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།