དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-01

    ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་ཁབ་བསྡོམས་རྩིས་ཅུས་བཅས་ཀྱི་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་དཔྱད་དཔོག་གི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་གྱུར་བས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་དང་། དཔལ་འབྱོར་གྱི་སྲིད་ཇུས་བཟོ་བ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལག་བསྟར་བཅས་ཀྱི་གཞི་རྩའི་བླང་བྱ་ཞིག་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་དཔྱད་དཔོག་གིས་རིམ་ཁག་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཀྱི་མཚོན་ཚུལ་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པ་དང་། ཕྱོགས་ཡོངས་དང་ཟུར་ཚད་མང་བའི་ཕྱོགས་བསྡུས་ཚད་འབེབས་དཔྱད་དཔོག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་ཕྱོད་ཚོད་སྐོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་ཏན་ཏིག་ངང་མཐོ་རུ་གཏོང་བ་དང་། དཔྱད་ཞིབ་ཚོད་སྐོར་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བ། དེ་བཞིན་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་འགོ་འཛུགས་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

    ཚོགས་འདུའི་ཐོག རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་ཕྱོད་ཚོད་སྐོར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་ཚད་གཞི་ཚད་ལྡན་དང་སྟོན་ཕྱོགས་གསལ་པོ་ཡོང་བ་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་གཅིག་གྱུར་དམིགས་ཚད་མ་ལག་མཐའ་འཁྱོངས་བྱེད་པ་དང་། འགག་རྩའི་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་དམིགས་ཚད་ཚན་རིག་དང་མཐུན་ལ་ལུགས་མཐུན་སྒོ་ནས་བཟོ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་དམིགས་ཚད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ས་གནས་ཁག་དང་རིམ་པ་ཁག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་གཙོ་གནད་ལ་དམ་འཛིན་བྱ་རྒྱུ་དང་། དཀའ་གནད་སེལ་རྒྱུ། ཞན་ཆ་གསབ་རྒྱུ། ལེགས་ཆ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་ལས་ཕྱོད་ཚོད་སྐོར་ལ་བརྟེན་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་དོན་དངོས་ལ་གཞི་ཚུགས་པ་དང་ཧེ་བག་ལ་སྣང་ཆེན་བྱེད་དགོས་ཤིང་། རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་ངེས་གནས་དང་། འཆར་འགོད་དམིགས་ཚད། འཕེལ་རྒྱས་ཀྱི་བླང་བྱ་བཅས་ལ་བསམ་གཞིག་གང་ལེགས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་འཚོ་ལེགས་གཏོང་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་པ། ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཁྱད་པར་ཅན་གྱི་དམིགས་ཚད་གཏན་འཁེལ་བྱེད་པ་བཅས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་ཕྱོད་ཚོད་སྐོར་བོད་ཀྱི་དོན་དངོས་དང་འཚམ་པ་དང་ས་ཁུལ་ཁག་གི་ཁྱད་ཆོས་དང་འཚམ་པའི་འགན་ལེན་བྱེད་དགོས། གསུམ་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་ཕྱོད་ཚོད་སྐོར་གྱི་འབྲེལ་ཡོད་ལེ་ལག་ཚང་སྒྲིག་གི་ལས་དོན་ལམ་སྲོལ་བཟོས་ཏེ། ཚད་གཞི་དང་། དུས་རིམ། རིགས་སྣ་བཅས་གཞིར་བཟུང་ཕྱོགས་བསྡུས་ལས་ཕྱོད་ཚོད་སྐོར་གྱི་འབྲེལ་ཡོད་གྲངས་གཞི་དུས་ཐོག་དང་གནད་ལ་འཁེལ་པོས་བསྡུ་རུབ་དང་ཕྱོགས་བསྡུས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་ཚོད་སྐོར་ཡང་དག་བྱེད་པ། སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་ལ་རྗེས་སྙེགས་དམ་ཟབ་བྱེད་པ། ཕྱོགས་ཁག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པའི་དགེ་མཚན་རང་བཞིན་སྐོང་འཐེན་གང་ལེགས་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་ཕྱོད་ཚོད་སྐོར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། དཔྱད་ཞིབ་ཚོད་སྐོར་བྱས་འབྲས་གང་ལེགས་སྤྱོད་པ་དང་། རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པས་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་སེམས་སྔར་བས་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འགན་འཁྲི་ལྕི་པོ་འཁུར་བ་དང་། དམག་འཐབ་དྲག་པོ་རྒྱག་པ། བྱས་རྗེས་དངོས་འཇོག་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།