ཚེས་22ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན། དེ་བཞིན《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་པ་རེད།
བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཡན་ཅིན་ཧའེ། ཅང་ཅེ། ཧོ་ཝུན་ཧའོ། ཁྲེན་ཡུང་ཆི་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁག་སོ་སོར་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ་རེད།
གཏམ་བཤད་གནང་རིང་། འཐུས་མི་ཚོས“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཁོང་ཚོས་ནང་དོན་ཕུན་སུམ་ཚོགས་པ་དང་བརྗོད་དོན་གཙོ་བོ་མངོན་གསལ་དོད་པའི་སྙན་སྒྲོན་དེ་གཉིས་ནང་མིག་མཐོང་ལག་ཟིན་གྱི་དོན་དངོས་དང་དོན་ཆེན་མང་པོར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱིར་ལྟ་གནང་བ་དང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་མཚོན་ཡོད། སྙན་སྒྲོན་དེ་གཉིས་ནི་ཏང་གི་འདུ་ཤེས་གང་ལེགས་མཚོན་པ་དང་། སྲིད་འཛིན་ཁྲིམས་འཛིན་གྱི་འགན་འཁྲི་ཧུར་ཐག་་སྒྲུབ་པ། ལྷག་བསམ་རྣམ་དག་ངང་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་དང་ཁྲིམས་འཛིན་གྱི་དབང་གྲགས་ནུས་ཤུགས་ཡོད་རྒུས་མངོན་པ་དང་། འགན་སྒྲུབ་ཁུར་ལེན་བྱས་ཚུལ་ཚད་གཞི་མཐོ་པོས་མངོན་པ། འགག་སྒྲོལ་དཀའ་སེལ་བྱས་ཚུལ་མངོན་གསལ་དོད་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཟོས་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། འཐུས་མི་ཚོས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཁར། ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་ཕྲག་ཏུ་ཁུར་བ་དང་། སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་ལྟ་འདོམས་བྱ་རྒྱུར་སྣང་ཆེན་བྱེད་པ། དམངས་ཡོངས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།