དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཡན་ཅིན་ཧའེ་བཅས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་སོ་སོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-23

     ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་སྔ་རྗེས་སུ་གཞིས་རྩེ་དང་། ནག་ཆུ། ཆབ་མདོ་བཅས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཚེས་20ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཆེ་དགྲ་ལྷ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ། ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཏིང་ཡེ་ཤན་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ། ཚེས་20ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ། ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཡན་ཅིན་ཧའེ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་རེད།

    ཉིན་ཤས་བསྟུད་མར། བློ་བཟང་རྒྱལ་མཚན་སྔ་རྗེས་སུ་གཞིས་རྩེ་དང་། ནག་ཆུ། ཆབ་མདོ་བཅས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། འཐུས་མི་ཚོགས་པ་ཁག་ཏུ་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས། འགྱུར་ལྡོག་གླེང་བ་དང་། གྲུབ་འབྲས་བརྗོད་པ། གནད་དོན་གླེང་བ། བསམ་འཆར་འདོན་པ་བཅས་བྱས་པས། གྲོས་ཞིབ་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། བློ་བཟང་རྒྱལ་མཚན་གྱིས་འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རེད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡང་རེད། དེས་ན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། “དོན་ཆེན་བཞི”ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་མཁན་ཞིག་བྱས་ནས། ལྗང་མདོག་གི་འདུས་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ནང་ལག་བསྟར་དོན་འཁྱོལ་གྱིས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱས་ཏེ་ལོ་རྒྱུས་ལ་འགན་འཁུར་ཐུབ་པ་དང་། མི་དམངས་ལ་འགན་འཁུར་ཐུབ་པ། འཛམ་གླིང་ལ་འགན་འཁུར་ཐུབ་པ་བཅས་བྱས་ནས་བོད་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་འདི་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་20ཉིན་གྱི་ཕྱི་དྲོ། ཆེ་དགྲ་ལྷ་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་དང་། འཐུས་མི་ཚོས་གཏམ་བཤད་སྤེལ་རིང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་གནང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད་ཀྱི་འཆར་ཟིན་ལ་རྦད་དེ་མོས་མཐུན་གནང་བ། འཆར་གཞིའི་སྙན་སྒྲོན་གྱི་འཆར་ཟིན་དང་སྔོན་རྩིས་སྙན་སྒྲོན་གྱི་འཆར་ཟིན་ལ་རྦད་དེ་མོས་མཐུན་གནང་བ་མ་ཟད། དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། འབྲོག་ལས་འཕེལ་རྒྱས། ས་བབ་མཐོ་བའི་གནས་སྤོ་སོགས་ཀྱི་ལས་དོན་ལ་དམིགས་ནས། མྱོང་ཚོར་གླེང་བ་དང་། མཐོང་ཐོས་བརྗོད་པ། གྲོས་འགོ་འདོན་པ་བཅས་གནང་ཡོད། ཆེ་དགྲ་ལྷས་བསམ་བློ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་སྔར་བས་གཅིག་གྱུར་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གཅིག་གྱུར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་གཅིག་གྱུར་བཅས་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་20ཉིན་གྱི་སྔ་དྲོ། ཏིང་ཡེ་ཤན་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་། འཐུས་མི་ཚོས་དོན་དངོས་དང་ཟུང་འབྲེལ་གྱིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་མ་ཟད། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ནས། མྱོང་ཚོར་གླེང་བ་དང་། འཕེལ་རྒྱས་གླེང་བ། ངར་ཤུགས་འཕེལ་བ་བཅས་གནང་ཡོད། འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཏིང་ཡེ་ཤན་གྱིས་བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་གཞིགས་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འཆར་འགོད་རྩ་གནད་ཀྱི་བླང་བྱར་གཞིགས་པ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་པ། གསར་འབྱེད་གསར་གཏོད་དང་དཀའ་སྤྱད་འབད་འཐབ་བཅས་བྱས་ནས། ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་20ཉིན་གྱི་ཕྱི་དྲོ། ཀྲོང་ཡན་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པ་རེད། ཀྲོང་ཡན་གྱིས་ནན་ཏན་ངང་གསན་པ་དང་ཟིན་བྲིས་ཞིབ་ཚགས་བསྐྱོན་ནས། ཚང་མ་དང་ལྷན་དུ་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་བ་རེད། ཀྲོང་ཡན་གྱིས་2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འགོ་ཚུགས་ལོ་ཡང་ཡིན་པས། གོམ་པ་དང་པོ་ཡག་པོ་སྤོས་ནས་རྣམ་པ་གསར་པ་ཐོན་པར་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། “དོན་ཆེན་བཞིར”ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། “འགན་ལེན་བཞི”མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་21ཉིན་གྱི་སྔ་དྲོ། ཡན་ཅིན་ཧའེ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་། འཐུས་མི་ཚོས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་། སློབ་གསོའི་བྱ་གཞག་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལ་དམིགས་ནས། ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ་བཅས་གནང་ཡོད། འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ང་རང་རྦད་དེ་མོས་མཐུན་ཡོད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་ཀྱི་རྩ་གནད་འཆར་ཟིན་དང་། འཆར་གཞིའི་སྙན་སྒྲོན་འཆར་ཟིན། སྔོན་རྩིས་སྙན་སྒྲོན་འཆར་ཟིན་བཅས་ལའང་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་དང་པོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡང་ཡིན། འདི་ལོའི་ལྷ་སའི་ལས་དོན་ཡག་པོ་སྒྲུབ་པར་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་མཛུབ་སྟོན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོ་དང་ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།