དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-19

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཚེས་17ཉིན་གྱི་སྔ་དྲོ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། མི་དོན་བསྐོ་འཐེན་གྱི་དོན་གནད་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་གསལ་བཤད་གསན་པ་དང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ནོར་བུ་དོན་གྲུབ་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། པད་མ་དབང་འདུས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱེད་རྒྱུའི་གཏན་འབེབས་བྱས་པ། ཀྲུའུ་ཡ་ཕིང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གི་གོ་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱ་རྒྱུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་རྒྱུར་ཕུལ་རྗེས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་འདི་བྱས་སྙན་སེང་ཞུ་བར་འབུལ་རྒྱུའི་གཏན་འབེབས་བྱས་པ། ཞ་ཁེ་ཆིང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་། ཅན་ཁྲ་ཀྲང་གཞོན་པ་ཞ་ཁེ་ཆིང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཅན་ཁྲ་ཀྲང་ལ་བསྐོ་གཞག་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་འདི་བྱས་སྙན་སེང་ཞུ་བར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྲོལ་ཡིག(འཆར་ཟིན་གྱི་མ་ཟིན་གསུམ་པ)》བཟོ་བཅོས་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་གྱི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུའི་ཐོག་འདེམས་བསྐོ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཟུར་ཞུགས་མི་སྣའི་མཚན་ཐོར་གྲོས་འཆམ་བྱུང་བ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་སྒྲོན་དང་དེ་བཞིན་སྤྱི་བསྒྲགས་མ་ཟིན་ལ་གྲོས་འཆམ་བྱུང་བ། བསྐོ་གཞག་དང་ཕྱིར་འཐེན་གྱི་དོན་གནད་གཞན་དག་ལ་གྲོས་འཆམ་བྱུང་བ་དང་བསྐོ་གཞག་ཡི་གེ་སྤྲད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་ལ་ཉེ་བས། ང་ཚོས་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་། བདག་པོའི་རྣམ་འགྱུར་དང་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་ཚོགས་འདུའི་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་གྲུབ་བྱེད་དགོས། འཐུས་མིའི་དམངས་གཙོའི་དབང་ཆར་བརྩི་འཇོག་དང་འགན་ལེན་བྱེད་པ་དང་། གཞི་རིམ་གྱི་འཐུས་མི་དང་ལྷག་པར་དུ་འཐབ་ས་དང་པོའི་ཞིང་འབྲོག་པའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཡག་པོ་ཉན་དགོས། སྟོན་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་འཐུས་མི་ཚོར་བློ་གྲོས་དང་སྟོབས་ཤུགས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ཐད་གཅིག་སྡུད་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་དམ་པ་དོན་གཉེར་གྱི་སྒོ་ནས་སྙན་སྒྲོན་དང་གྲོས་གཞི་ཁག་ལ་གྲོས་ཞིབ་ཡག་པོ་བྱེད་དགོས། རང་རྟོགས་དང་རང་འགུལ་ངང་འཐུས་མི་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ལ་ཞིབ་འཇུག་བྱེད་དགོས། ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་ཆུང་གིས་དུས་ཚོད་ལ་དམ་འཛིན་བྱས་ཏེ་གྲ་སྒྲིག་ལས་དོན་སླར་ཡང་ཞིབ་ཚགས་སུ་གཏོང་བ་དང་། སླར་ཡང་ཞིབ་བཤེར། སླར་ཡང་དོན་འཁྱོལ་བཅས་བྱེད་དགོས་པ་དང་ལྷག་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་འདི་ལོའི་ཚོགས་ཆེན་གྱི་སྒྲིག་འཛུགས་ཞབས་ཞུའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དེ་བས་གནད་སྨིན་དང་། ནུས་ལྡན། ཐབས་མཁས་བཅས་ཀྱི་སྒོ་ནས་ཚོགས་འདུའི་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཚོགས་ཆེན་རྦད་དེ་བདེ་འཇགས་དང་། ཐུགས་གྲ་ལེགས་འགྲིག སྤྱོད་གཙང་གཞུང་དྲང་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུ་གྲོལ་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ་དང་། གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་རྩ་ཁྲིམས་དམ་འཇོག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་སྣེ་ཁྲིད་ནས་དམ་འཇོག་གནང་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་དམ་འཇོག་ལ་ལྟ་སྐུལ་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།