དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-16

    ཚེས་14ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་འགྱུར་ལྡོག་ལ་དབྱེ་ཞིབ། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་བསྐྱར་དུ་སྐུལ་སློང་དང་བསྐྱར་དུ་བཀོད་སྒྲིག རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགུན་དུས་དང་དཔྱིད་དུས་གཉིས་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་བཅས་བྱས་ནས་རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེན་པོ་ཡོད།  དེའི་ཐོག་དགུན་དཔྱིད་ཀྱི་འགག་རྩའི་དུས་ཡིན་པ་དང་ད་དུང་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་ཕྱོགས་མི་མང་བ་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་མང་བའི་ཁར་རང་ལྗོངས་འདི་ཉིད་མཐོ་གྲང་གསོ་རླུང་དཀོན་པ་དང་སྨན་བཅོས་ཆ་རྐྱེན་ལ་ཚད་བཀག་ཡོད་པས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དཀའ་ཚེགས་དང་གནོན་ཤུགས་ཆེ་ཙམ་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་སྔ་ཕྱི་བར་གསུམ་དུ་དམ་པོར་བཟུང་བ་དང་། ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་གཏན་ནས་མི་འཁྱེར་བ། འགོ་ཁྲིད་ཀྱི་ལམ་སྲོལ་མི་འགྱུར་བ་དང་། བྱ་སྤྱོད་སྤེལ་ཤུགས་མི་ཆག་པ། མི་སྣར་བསྐྱར་དུ་ཤུགས་སྣོན་རྒྱག་པ། བྱེད་ཐབས་བསྐྱར་དུ་ཞིབ་ཚགས་སུ་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་མཉམ་འགོག་མཉམ་འཛིན་མཐའ་འཁྱོངས་བྱེད་པ། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཞིབ་ཕྲ། དམ་འཛིན་དངོས་བཅས་བྱས་ཏེ་དག་ཞིང་གི་བོད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། རིམ་ཁག་སྡེ་ཚན་ཁག་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་ནས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། སྤྱི་ཡོངས་ལ་གཞི་ཚུགས་པ། མགོ་མཇུག་གཉིས་ཀར་གཟབ་ནན་བཅས་བྱས་ཏེ། དེ་བས་ནུས་ལྡན་དང་གོ་རིམ་ལྡན་པའི་བྱེད་ཐབས་སྤྱད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། འགག་སྒོ་དང་པོ་བརྟན་པོར་བསྲུངས་ནས་མཐའ་མཚམས་ཞིབ་བཤེར་དང་། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ། གཞུང་ལམ་སོགས་འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་ཕྱི་ནས་ཡོང་བའི་མི་སྣར་དམིགས་ཏེ། ཕྱི་ནས་མི་འགོ་བའི་བྱེད་ཐབས་གཙོ་གནད་ཐོག་སྤྱད་དེ་མདུན་སྣེ་ཐོག་མ་ནས་རིམས་ནད་འགོག་ཐུབ་པ་བྱེད་དགོས། འདུ་འཛོམས་རང་བཞིན་གྱི་བྱེད་སྒོར་ཚོད་འཛིན་ནན་པོ་བྱས་ཏེ། རྩ་དོན་ཐོག་ནས་ལྷན་འཛོམས་ཀྱི་ལོ་གསར་རྟེན་འབྲེལ་བྱེད་སྒོ་དང་། ལོ་ཚོགས། མཉམ་སྤྲོ་སོགས་ཀྱི་བྱེད་སྒོ་ཚང་མ་མེད་པར་བཟོ་བ་དང་། མང་ཚོགས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོར་ཚོད་འཛིན་ནན་པོ་བྱེད་པ། འགྲིམ་འགྲུལ་དང་། སྨན་ཁང་། ཞིང་ཟོག་ཁྲོམ་ར། ཚོང་ཁང་དང་ཟ་ཁང་། རོལ་རྩེད་ར་བ། བཙོན་ཁང་སོགས་གཙོ་གནད་ཁུལ་གྱི་མི་འགྲུལ་ལ་ཁྲིད་སྟོན་ཡག་པོ་བྱས་ནས་རིམས་ནད་མཆེད་པའི་མངོན་མེད་རྐྱེན་ངན་བསལ་བ། ལྗོངས་ནང་ཁུལ་གྱི་གཙོ་གནད་མི་ཚོགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་འབུར་དུ་ཐོན་པ་བྱེད་པ། གཞུང་དོན་ལས་སྒྲུབ་མི་སྣར་བོད་དུ་ངལ་གསོ་བརྒྱབ་ནས་དུས་ཆེན་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཉེན་ཁ་ཆེ་འབྲིང་ཁུལ་ནས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་གྱི་སྒུལ་རྣམ་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སློབ་གྲྭའི་སློབ་མའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། ཉམས་ཞན་ལྷུ་ཚིགས་ལ་དམིགས་པ་དང་། ཞིང་འབྲོག་ཁུལ་གྱི་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། དམངས་སྲོལ་བྱེད་སྒོར་དོ་དམ་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་དང་སྒོ་བསྟེན་སྨན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “སྔ་ཙམ་བཞི”ཡི་བླང་བྱ་དོན་འཁྱོལ་བྱེད་པ་དང་། སྙན་སེང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། མི་རྒྱུ་གཉིས་ཀར་འགོག་ཟོན་མཐའ་འཁྱོངས་བྱས་ནས་གྲང་ཕྲེང་བཟའ་བཅའ་དང་དངོས་རྫས་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། ནང་འདྲེན་གྲང་ཕྲེང་བཟའ་བཅའི་ཉིང་སྐྱུར་བརྟག་དཔྱད་དང་སྔོན་འགོག་རང་བཞིན་གྱི་དུག་སེལ་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་ཆེ་བའི་ལས་གནས་ཀྱི་མི་སྣར་བདེ་ཐང་དང་ཉིང་སྐྱུར་བརྟག་དཔྱད་བཅས་བྱས་ཏེ། རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། དུས་བཀག་ནང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ཁྲིད་སྟོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་བརྟན་པོའི་ངང་སྤེལ་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།