དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-13

     རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལྟར། ཚེས་11ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་འབྲས་སྤུངས་དགོན་དང་། ལྷ་ས་གྲོང་ཁྱེར་སྣེའུ་མྱུར་བགྲོད་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས། སྣེའུ་རླངས་འཁོར་བབས་ཚུགས། མེ་འཁོར་བབས་ཚུགས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་གི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་པད་མ་དབང་འདུས་དང་། ཞུས་ཞུའེ་ཀོང་། བསོད་ནམས་རིག་འཛིན། ཡན་ཀུའེ་ཅུན་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    འབྲས་སྤུངས་དགོན་དུ་ཀྲོང་ཡན་གྱིས་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་སྙན་སེང་ཞིབ་ཕྲ་གསན་ཞིང་། ཁོང་གིས་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་པར་བཅའ་སྡོད་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། “ཕན་པ་ལྔ”ཡི་བླང་བྱ་ལྟར་རྒྱུན་མཐུད་ཁྲིད་སྟོན་ལ་གཞོལ་བ། ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱེད་པ། དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ཚོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་ཐུབ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་དུས་རབས་གསར་པར་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།

    དེ་རྗེས་ཀྲོང་ཡན་དང་བཅས་པ་ལྷ་ས་གྲོང་ཁྱེར་གྱི་རིམ་པ་དང་པོའི་སྣེའུ་མྱུར་བགྲོད་ཞིབ་བཤེར་ས་ཚིགས་དང་། སྣེའུ་རླངས་འཁོར་བབས་ཚུགས། མེ་འཁོར་བབས་ཚུགས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་གྱི་གནས་ཚུལ་དང་འགྲུལ་སྐྱེལ་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་འབྲེལ་འཐབ་ས་དང་པོར་བརྟན་སྲུང་བྱེད་མཁན་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཀྲོང་ཡན་གྱིས། འགྲུལ་སྐྱེལ་ས་ཚིགས་ཀྱི་ཐོན་སྒོ་དང་འཛུལ་སྒོར་མི་ཚོགས་སྟུག་པ་དང་གནས་ཚུལ་རྙོག་འཛིང་ཆེ་བས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“ཕྱི་ནས་མ་འགོས་སྔོན་འགོག”གི་འགག་སྒོ་གལ་ཆེན་ཞིག་ཡིན་པར་བརྟེན་ཉེན་ཁའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ལྷོད་གཡེང་དང་རྣམ་གཡེང་གི་བསམ་བློ་ཁྱད་དུ་གསོད་པ། རྒྱུན་མཐུད་འབད་འཐབ་བྱེད་པའི་ཕུལ་བྱུང་གི་སྤྱོད་ཚུལ་དར་སྤེལ་གཏོང་བ། གནས་ཚུལ་མི་ལྷག་པ་དང་ཀྲུང་དབྱང་ལ་རྙོག་དྲ་མི་བཟོ་བའི་མཐའ་ཚད་དམ་པོར་སྲུང་བ། འགྲིམ་འགྲུལ་ཁྲིད་སྟོན་དང་། མི་འགྲུལ་གཤོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བཅས་ཡག་པོ་བྱེད་པ། དམངས་ཕན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། གཞུང་དྲང་ཡ་རབས་ཀྱི་ཁྲིམས་འཛིན་ནན་པོ་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་འགྲིམ་འགྲུལ་ཤར་བགྲོད་དང་མང་ཚོགས་བློ་ཡིད་ཚིམ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ནན་བཤད་གནང་དོན། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ཆེས་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་རང་འགན་གཙང་སྒྲུབ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་དགོས་པ་དང་། གཉིས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་མཐའ་འཁྱོངས་བྱེད་པ་དང་། ཉེན་ཁའི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་ཡོང་བ་བཅས་བྱས་ནས་སྲིད་བཀའ་ཤར་གཏོང་དང་། བཀོད་འདོམས་ནུས་ཆེ། བརྡ་ལན་མྱུར་པོ། ལས་དོན་གོ་རིམ་ལྡན་པ་བཅས་ཡོང་བར་བྱེད་དགོས། གསུམ་ནས་སྤྱི་པའི་བདེ་འཇགས་ཀྱི་མཐའ་ཚད་ཡག་པོ་བསྲུངས་ནས་སྤྱི་པའི་བདེ་འཇགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱེད་པ། མེ་སྐྱོན་དང་འགྲིམ་འགྲུལ་ལས་འཛོལ་སོགས་སྤྱི་པའི་བདེ་འཇགས་ལས་འཛོལ་ཚབས་ཆེན་མ་ཐོན་ནན་འགོག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་རྦད་དེ་བདེ་འཇགས་ཡོང་བར་བྱེད་དགོས། བཞི་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་སྟེ་དོ་དམ་དང་ཞབས་འདེགས་ཟུང་འབྲེལ་མཐའ་འཁྱོངས་དང་། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་དང་ཞབས་ཞུའི་མི་སྣའི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་ཤུགས་སྣོན། གཙོ་གནད་ཁྱབ་ཁོངས་ཁག་གི་ཞབས་ཞུའི་འགན་ལེན་ལས་དོན་ལ་ཤུགས་སྣོན། བདེ་འཇགས་གོ་རིམ་ལྡན་པ་དང་། འགན་ལེན་ནུས་ལྡན། སེམས་རྩ་འཁོལ་བའི་ཞབས་འདེགས་བཅས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།