དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-01-12

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས། “3+1”གནམ་ཐང་གི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་གསན་པ་དང་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་དེ་བཞིན“3+1”གནམ་ཐང་འཛུགས་སྐྲུན་བཀོད་འདོམས་པུའུ་ཁག་སོགས་ཚན་པའི་ལས་དོན་སྙན་སེང་གསན་པ་དང་ཆབས་ཅིག་རྣམ་གྲངས་འཛུགས་སྐྲུན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད།

    ཚོགས་འདུའི་ཐོག“3+1”གནམ་ཐང་མགྱོགས་མྱུར་སྐྲུན་པ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་དང་། བོད་ཀྱི་གནམ་ཐང་དྲ་རྒྱའི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་མཁའ་ལམ་གྱི་བགྲོད་ལམ་ཤར་གཏོང་ཐུབ་པ། ས་ཁུལ་དབར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་བྱས་ནས“སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་འཆང་ཞིང་། རང་འགུལ་ངང་འགན་འཁྲི་འཁུར་བ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱིས་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཕྲ། ཡག་པོ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་གཅིག་ནས་ཚུགས་གནས་མཐོ་རུ་བཏང་སྟེ། དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། “3+1”གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ཇུས་འགོད་ཞིབ་ཚགས་དང་སྒྲིག་འཛུགས་དམ་ཟབ་བྱེད་པ་དང་། ཕྱར་བ་གྲུ་འདེགས་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས། གཉིས་ནས་དམིགས་ཚད་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ལ་གཞིགས་ནས་རྣམ་གྲངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལམ་རིས་དང་དུས་ཚོད་རེའུ་མིག་བཟོ་བ་དང་། དུས་ཚོད་དང་མཚམས་ཚིགས་ལ་དམ་པོར་དམིགས་པ། འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། ལས་ཡུན་ལྡོག་བཤེར་དང་འཆར་འགོད་ལས་སྒྲུབ། ཚད་གཞི་དམའ་རུ་མི་གཏོང་བ་དང་ངར་ཤུགས་མི་ཆག་པ་བཅས་བྱས་ནས་ལས་དོན་ཁག་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གསུམ་ནས་སྤྱི་འདོམས་མཐུན་སྦྱོར་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། སྙན་སེང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་གི་འགག་གནད་དང་དཀའ་གནད་ལ་དམིགས་པ་དང་། ཕྱོགས་ཁག་དང་རང་འགུལ་ངང་མཐུན་སྦྱོར། གོང་ལ་སྙན་སེང་ཧུར་ཐག་ཞུ་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེ་ཤོས་ཐོབ་པའི་བརྩོན་ལེན་བྱེད་དགོས། བཞི་ནས་མཐའ་ཚད་བརྟན་པོར་བསྲུངས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། “ལོ་བརྒྱའི་ཇུས་ཆེན་སྤུས་ཚད་དང་པོར་ཐུག”པའི་འདུ་ཤེས་བརྟན་པོར་བཙུགས་ནས་རྣམ་གྲངས་ལ་དོ་དམ་ནན་པོ་དང་ལས་གྲྭའི་སྤུས་ཚད་ལ་དམ་འཛིན་ནན་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས“འཕྱུགས་པ་གཏན་ནས་མེད་པའི”སྒོ་ནས“མ་བྱུང་སྔོན་འགོག”བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་ནན་པོ་བསྲུངས་ནས་ཁྲིམས་དང་སྒྲིག་སྲོལ་བཞིན་ས་སྤྱོད་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནད་དོན་དངོས་མགྱོགས་མྱུར་ཐག་གཅོད་བྱས་ཏེ“3+1”གནམ་ཐང་གི་རྣམ་གྲངས་འཛུགས་སྐྲུན་སྤུས་རྟགས་ཀྱི་འདུ་འགོད་དང་། ལྗང་མདོག་གི་འདུ་འགོད། དུས་བདེའི་འདུ་འགོད། སྤྱོད་གཙང་གི་འདུ་འགོད་བཅས་སུ་འགྱུར་བར་བྱེད་དགོས། ལྔ་ནས་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཕྲག་ཏུ་ཏན་ཏིག་ཁུར་ནས་གནད་སྨིན་བཀོད་སྒྲིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ལས་ཀའི་རྩིས་ཁྲ་བཟོ་བ། དུས་བཀག་ལྟར་རྩིས་ཁྲར་ཞིབ་བཤེར་དང་། རྩིས་ཁྲར་སྡུར་བ། རྩིས་རྒྱག་པ་དང་མེད་པར་བཟོ་བ་བཅས་བྱས་ཏེ། “3+1”གནམ་ཐང་གི་རྣམ་གྲངས་འཛུགས་སྐྲུན་ལ་ཕན་འབྲས་དངོས་ཐོན་པར་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་གཞོགས་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།