དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-26

     ཚེས་24ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ལྷག་དོན་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱ་ཆེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྗོངས་ཏང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། རང་ལྗོངས་ཀྱི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ། རང་ལྗོངས་ཀྱི《དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཟབ་གཏོང་གི་ལག་བསྟར་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་འཆར་གཞི》སོགས་ཀྱི་ཟིན་བྲིས་ལ་གྲོས་ཞིབ་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་རེད།

    ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་སློབ་གསོ་ལྟ་སྐུལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དོན་འཁྱོལ་གྱི་གནས་ཚུལ་དང་། སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི། 2021ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་འཆར་གཞི་བཅས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། སློབ་གསོའི་གདེང་འཇོག་ནི་སློབ་གསོའི་འཕེལ་རྒྱས་ཁ་ཕྱོགས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་སྟེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། ད་དུང་སྐུ་ངོ་མས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ་དང་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་བཏང་གནང་ཡོད་ཅེས་གསུངས་པ་རེད།

    ད་ལོའི་ཟླ་དགུ་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཟབ་གཏོང་གི་སྤྱིའི་ཇུས་གཞི》བཀྲམ་ཡོད། དེས་ང་ཚོར་དུས་རབས་གསར་པའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ཡན་ཅིན་ཧའེ་ཡིས། གཅིག་ནས་སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཀྱི་སྐུལ་འདེད་ནུས་པ་ཆེ་རུ་གཏོང་དགོས། སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་། སློབ་གསོའི་གདེང་འཇོག་གི“བཀོད་འདོམས་དབྱུག་པའི”ནུས་པ་གང་ལེགས་འདོན་པ། སློབ་གསོའི་བོད་སྐྱོར་གི་ལེགས་ཆར་ཧུར་ཐག་བརྟེན་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འགན་ནུས་སྒྲུབ་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ། སློབ་ཁྲིད་ལ་བརྟེན་ནས་མི་ལ་སློབ་གསོ་གཏོང་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། མི་སྣ་འདེམས་སྤྱོད་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་བྱེད་པ་བཅས་ལ་དམིགས་ཏེ་སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཀྱི“སྣེ་འདྲེན་དམག་འཐབ”དང་། “འགག་རྩའི་དམག་འཐབ”“འགག་སྒྲོལ་དམག་འཐབ”བཅས་ཡག་པོ་རྒྱག་པ་དང་ཆུ་ཚད་མཐོ་བའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་མ་ལག་ཧུར་ཐག་གཏོད་དགོས། གཉིས་ནས་སློབ་གསོའི་ལྟ་སྐུལ་སྒྱུར་བཅོས་ཀྱི་འདྲེན་ཤུགས་འདོན་དགོས། མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཁྱོན་ཡོངས་ལ་ལྟ་སྐུལ་བྱས་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་། འཁོར་རྒྱུག་ནུས་ཆེ། གྲུབ་འབྲས་དབང་གྲགས་ལྡན་པ། འགན་འཁྲི་བདའ་འདེད་ནུས་ལྡན་བཅས་ཀྱི་སློབ་གསོའི་ལྟ་སྐུལ་མ་ལག་ཧུར་ཐག་གཏོད་དགོས་པ་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་ནན་པོ་བྱས་ཏེ་ལྟ་སྐུལ་གྱི་དབང་གྲགས་གཏོད་དགོས་པ། རྣམ་པ་ལེགས་སུ་བཏང་སྟེ་ཚན་རིག་དང་མཐུན་པའི་ལྟ་སྐུལ་བྱས་ནས“ངས་ཁྱེད་ལ་གདེང་འཇོག་བྱེད་པ”ནས“ཁྱེད་ཀྱིས་ཁྱེད་ལ་གདེང་འཇོག་བྱེད་པར་ངས་རོགས་རམ་བྱེད་པའི”བར་མངོན་འགྱུར་ཐུབ་པ་དང་སློབ་གསོའི་སྒྱུར་བཅོས་གང་དུ་འཕེལ་རྒྱས་སོང་ཡང་སློབ་གསོའི་ལྟ་སྐུལ་དེ་གར་སྣུར་སྲིང་ཐུབ་པའི་འགན་ལེན་བྱེད་དགོས། གསུམ་ནས་ཆོས་ལུགས་ཀྱི་སིམ་འཛུལ་འགོག་ནུས་ཆེ་རུ་གཏོང་དགོས། སློབ་གསོ་དང་ཆོས་ལུགས་ལོག་དབྱེའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས་དང་མི་སྒེར་གང་རུང་གིས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཆོས་ལུགས་རྩ་འཛུགས་འཛུགས་མི་ཆོག་པ་དང་། ཆོས་ལུགས་བརྒྱུད་བསྒྲགས་བྱ་མི་ཆོག་པ། ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པ། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་དང་། ཚན་རིག་བྱང་ཚད་སློབ་གསོ། དགེ་སློབ་ཀྱི་ཞབས་འདེགས་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་དགེ་སློབ་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། བཞི་ནས་ལས་གཏོད་ལས་ཞུགས་ཀྱི་ལས་དོན་སྒྲིག་འཛུགས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་དང་། ལྗོངས་ནང་དུ་ལས་ཞུགས་དང་ལྗོངས་ཕྱིར་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་རྩ་འཛུགས་དང་། མི་སྤྱི། སློབ་གསོ་སོགས་སྡེ་ཚན་དང་རིམ་ཁག་སློབ་གྲྭས་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སློབ་མའི་ལས་ཞུགས་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་སློབ་ཐོན་སློབ་མ་དེ་བས་མང་པོས་རང་བརྟེན་ལས་འདེམས་དང་། ལྗོངས་ཕྱིར་ལས་ཞུགས། ཁེ་ལས་སུ་ལས་ཞུཌ་བཅས་བྱེད་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།