ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། མཐའ་མཚམས་འཛུགས་སྐྲུན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
བྲག་ཡིབ་ཆུས་དགུང་ཚང་མོན་པ་མི་རིགས་ཤང་བཅུ་འཕར་གྲོང་ཚོས་དྲོད་ཁང་ཆེ་མོའི་ནང་འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་ནས་མང་ཚོགས་ལ་ཡོང་འབབ་གཏོད་རོགས་བྱས་པས། 2019ལོར་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.8ཟིན་ཡོད། འདི་ལོར་གྲོང་ཚོ་དེས་ཧུའོ་གཡན་ཧྲེན་འདེབས་འཛུགས་བྱས་པ་མ་ཟད། ཇ་ལོར་ཞིབ་སྤེལ་ཧུར་ཐག་བྱས་ཡོད། ཀྲོང་ཡན་གྱིས་ཐོན་རྫས་ཐོན་སྐྱེད་དང་། ཁྲོམ་རའི་ཚོང་ལམ། མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ས་གནས་དེ་གའི་འགན་འཁུར་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བཟང་ཆ་གོང་འཕེལ་དང་སྐྱོན་ཆ་སེལ་བ། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།
བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོའི་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་གྱི་ལོ་ཚད་3238ཟིན་པའི་ཤུག་སྡོང་ད་ལྟ་སྔར་བཞིན་ལོ་འདབ་རྒྱས་ཤིང་སྐྱེས་འཚར་ཡག་པོ་ཡོད། ལས་དོན་མི་སྣས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་སྐྱེད་ཚལ་དུ་ཡུལ་སྐོར་བ་ཡོང་མཁན་མང་དུ་སོང་ནས་སྤ་སེའི་ཡོང་འབབ་དུས་མཚུངས་ལས་5.2%འཕར་ཡོད་ཅེས་ངོ་སྤྲོད་བྱས། ཀྲོང་ཡན་གྱིས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ས་གནས་དེ་རང་གི་གྲོང་མི་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་པ་དང་། “ཡུལ་སྐོར་གྱི་ཡོང་འབབ”རག་ཐུབ་པ་དང“ཕྱུག་འགྱུར་གྱི་ལམ་བུའི”ཐོག་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོ་མཐའ་མཚམས་ས་ཁུལ་དུ་གནས་ཤིང་། གྲོང་མི་ཟླ་བའི་ཁྱིམ་དུ་ཀྲོང་ཡན་གྱིས་མང་ཚོགས་དང་འཚོ་བ་དང་། འགྱུར་ལྡོག འཕེལ་རྒྱས་བཅས་ཀྱི་སྐོར་གླེང་མོལ་གནང་བ་རེད། ས་གནས་དེས་འབྲོག་ལས་དང་། ཡུལ་སྐོར་ལས་རིགས། ནགས་གསེབ་དཔལ་འབྱོར་སོགས་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་བ་མཁྱེན་སྐབས། ཁོང་གིས་ཐབས་བརྒྱ་ཇུས་སྟོང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ནས། མངའ་ཁོངས་སྲུང་བ་དང་མཐའ་མཚམས་སྲ་བརྟན་གྱི་ལྕགས་རི་རིང་པོ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི“རང་བརྟེན”ནུས་པ་ཆེ་རུ་གཏོང་བ་དང་མང་ཚོགས་ལ་རོགས་རམ་བྱས་ནས་ཐག་ཉེ་ས་དང་སྟབས་བདེ་སར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཕུགས་ཀྱི་ཇུས་གཞི་ཞིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། “དཀྲིས་པ་གསུམ་དང་ཕན་པ་གཅིག”མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་མཉམ་འདྲེས་ཐུབ་པར་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། “ཐོན་ལས་ཆེན་པོ་བདུན”ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ། ལྷག་པར་དུ་ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བཅས་བྱེད་དགོས། “ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ། “བསམ་བློའི་གནད་དོན”ཡང་ཐག་གཅོད་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་འགྱུར་ལྡོག་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་ལ་བརྟེན་ནས་མང་ཚོགས་ལ་ཕན་པ་སུ་ལ་འདོགས་པ་དང་། ཕན་པ་གང་ནས་བྱུང་བ། བཀའ་དྲིན་སུ་ལ་འཇལ་དགོས་པ་སོགས་ཀྱི་སློབ་གསོ་བརྒྱབ་ནས། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།