ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་འཛུགས་གཏོད་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ།“སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་སོགས་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་གནང་བ་རེད།
ཀྲོང་ཡན་གྱིས། “སའི་གོ་ལའི་སྣེ་གསུམ་པ”ནི་བོད་ཀྱི་རང་བྱུང་ཆ་རྐྱེན་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལྗོངས་བབ་ཆེ་ཤོས་ཤིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གནང་བའི་ལེགས་ཆ་ཆེ་ཤོས་དང་སྤུས་རྟགས་ཡག་ཤོས་ཤིག་རེད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ་བཅས་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བོད་དར་གྱི་ལམ་བུ་ཞིག་དངོས་འབྲེལ་གཏོད་དགོས་པ་སྟེ། གཅིག་ནས་ངེས་གནས་གནད་ལ་འཁེལ་པོས་བཙལ་ཏེ་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཤིང་། “རི་སྣེ་དང་། ཆུ་སྣེ། མི་ཕུད”བཅས་སྤུས་རྟགས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་ཀྱིས་བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་རིག་གནས་ཐོན་ཁུངས་ལ་དམ་པོར་དམིགས་ཏེ། སྤུས་ཚད་ལེགས་པའི་དྲིལ་བསྒྲགས་བརྙན་ཐུང་དང་བརྡ་ཆ་ཞིབ་ཚགས་ངང་བཟོས་ནས་སྨྱན་སྦྱོར་སྣ་ཚོགས་ཀྱི་ལས་སྟེགས་བརྒྱུད། “སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱེད་དགོས། གཉིས་ནས་གཙོ་གནད་འབུར་དུ་ཐོན་པར་བྱས་ནས་ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་དབྱང་གི་སྨྱན་སྦྱོར་དང་། ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་སྨྱན་སྦྱོར་སོགས་ཀྱི་གཏོང་སྤེལ་ཐབས་ལམ་ལ་གཞི་ཚུགས་ཏེ། གཏོང་སྤེལ་གྱི་རྣམ་པ་དང་། གཏོང་སྤེལ་གྱི་དུས་ཚོད། གཏོང་སྤེལ་གྱི་ཐེངས་གྲངས། གཏོང་སྤེལ་གྱི་ནང་དོན་བཅས་གནད་སྨིན་ཞིབ་འཇུག་བྱེད་པ་དང་། “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་བརྡ་ཆ་གཏོང་སྤེལ་གྱི་དྲིལ་བསྒྲགས་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་ལྟ་ཉན་བྱེད་མཁན་མང་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་སུ་སྤུས་ཚད་ལེགས་པའི་བརྡ་ཆ་དྲིལ་བསྒྲགས་བྱེད་པ་བཅས་ཀྱིས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ལྡན་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དྲིལ་བསྒྲགས་ཀྱི་ཕན་འབྲས་འགན་ལེན་བྱེད་དགོས་ཤིང་། ནུས་ལྡན་དང་། གྲོན་ཆུང་། སྒྲིག་སྲོལ་དང་མཐུན་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མ་དངུལ་གཏོང་སྤྲོད་དང་། མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན། ལས་རྗེས་གདེང་འཇོག་ལམ་ལུགས་འཛུགས་པ་བཅས་བྱས་ནས་མ་དངུལ་ལས་ཕན་འབྲས་ཆེ་ཤོས་ཐོན་པའི་འགན་ལེན་བྱེད་དགོས། བཞི་ནས་འགན་འཁྲི་ནན་དུ་བཏང་སྟེ་ནུས་ལྡན་དང་རིམ་ལྡན་ངང་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གསལ་སྟོན་བྱས་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་གི་འཁྱོལ་ལ་སྐུལ་འདེད་གཏོང་བ་གོ་སྐབས་སུ་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་སྙན་སེང་ཧུར་ཐག་ཞུ་བ་དང་། རང་འགུལ་ངང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སྦྲེལ་མཐུད་བྱས་ནས། རྒྱབ་སྐྱོར་ཆེ་ཤོས་ཐོབ་པའི་བརྩོན་ལེན་གྱིས“སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ལྗོངས་ཕྱི་ནང་དུ་ཁྱབ་པར་བྱས་ནས་རང་ལྗོངས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་སྤུས་རྟགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།