དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དུས་ཐེངས་གསུམ་པའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཟུར་ཁྲིད་སྙན་ཞུ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-05

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་3ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ཏེ་རང་ཉིད་ཀྱི་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་གནང་ནས་འགོ་བརྗོད་དུ《ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་སར་ཧུར་ཐག་སྐྲུན་དགོས》ཞེས་འཁོད་པའི་ཟུར་ཁྲིད་སྙན་ཞུ་གནང་ནས། དུས་ཐེངས་གསུམ་པའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མར་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཁྲིད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ནི་དུས་རབས་གསར་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་བསམ་བློའི་མཛུབ་ཁྲིད་དང་ལག་ལེན་གྱི་ཐབས་ལམ། ང་ཚོས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་བཅས་རེད། དེའི་ལྟེ་བའི་དོན་སྙིང་ནི་སྣོད་བཅུད་དར་ན་ཤེས་དཔལ་དར་བ་དང་སྣོད་བཅུད་ཉམས་ན་ཤེས་དཔལ་ཉམས་པའི་ལོ་རྒྱུས་ཟབ་མོའི་ལྟ་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་སྔོ་ལྗང་འཕེལ་རྒྱས་ལྟ་བ། སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཐོགས་ཤོས་ཀྱི་དམངས་འཚོའི་བདེ་རྩའི་གཞི་རྩའི་དམངས་འཚོའི་ལྟ་བ། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚོ། རྩྭ་ཐང་བཅས་ནི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཀྱི་མ་ལག་ལྟ་བ། ལམ་ལུགས་ནན་ཤོས་སྤྱད་དེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་ནན་པོའི་ལྟ་བ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམངས་ཡོངས་ཀྱི་བྱ་སྤྱོད་ལྟ་བ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་གྱི་ལམ་བུ་འཚོལ་ཞིབ་བྱེད་པའི་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་ལྟ་བ་བཅས་ལས་གཅིག་སྡུད་མངོན་གྱི་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་དང་། སྣོད་བཅུད་ནུས་ཁུལ་འཛུགས་སྐྲུན། སྣོད་བཅུད་ལས་གྲྭ་འཛུགས་སྐྲུན། སྦགས་བཙོག་འགོག་བཅོས། སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་སོགས་ལ“མངོན་གསལ་དོད་པོ་ལྔའི”གྲུབ་འབྲས་ཐོབ་སྟེ་མིག་སྔར་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ངེས་པར་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དང་། དངོས་ཡོད་ཀྱི་དགོས་མཁོར་བསྟུན་པ། མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་བ་བཅས་མཐའ་འཁྱོངས། ངེས་པར་དུ་བོད་ལྗོངས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་འཐབ་ཇུས་ཁུལ་དང་། རྒྱལ་ཁབ་ཀྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་སྔོ་ལྗང་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་གི་དཔེ་མཚོན་ཁུལ། རྒྱལ་ཁབ་ཀྱི་སྣོད་བཅུད་དམངས་ཕྱུག་གི་སྔོན་བསྟར་ཁུལ་བཅས་ལ་འཛུགས་སྐྲུན། ངེས་པར་དུ་ཏང་ཨུད་ཀྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད། སྲིད་གཞུང་ལ་བསྟུན་པ། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་རྣམ་པ་ཞིག་ཆགས་རྒྱུ་མཐའ་འཁྱོངས་བྱེད་དགོས། དེ་བཞིན་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་གི་བླང་བྱ་དོན་འཁྱོལ་དང་། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ། བོད་ལྗོངས་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་སར་ཧུར་ཐག་སྐྲུན་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་གསར་པ་ཡག་པོ་རྩོམ་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།