ཚེས་11ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲིམས་འཛུགས་ཀྱི་ལྗོངས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་རིགས་གཅིག་མཁས་ཅན་བློ་འདྲིའི་མཛོད་ཀྱི་རིགས་གཅིག་མཁས་ཅན་དང་དེ་བཞིན་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་32བཅས་མཉམ་དུ་འཛོམས་ནས《བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》ལ་བསམ་འཆར་དང་གྲོས་འགོ་བཏོན་ཏེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་རེད།
ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་གིས་སྲོལ་ཡིག་གི་འཆར་ཟིན་ལ་བཟོ་བཅོས་བརྒྱབ་པའི་ཚུལ་སྐོར་གསལ་བཤད་གནང་བ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་དང་། སྣོད་བཅུད་ནུས་ཁུལ་འཛུགས་སྐྲུན། སྣོད་བཅུད་འདུ་འགོད་འཛུགས་སྐྲུན། སྦགས་བཙོག་འགོག་བཅོས། སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྲུན་བཅས་མངོན་གསལ་དོད་པོ་ཡོང་བའི་ཐད་གཞོལ་བར་ཤུགས་བརྒྱབ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ”སོགས་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ། ས་གནས་ཁྲིམས་འཛུགས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐོན་པའི་ཁྲིད་སྟོན་གྱི་ཚད་ལྡན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་བོད་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུ་དེ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་པ་དང་ཟུང་འབྲེལ། རྒྱལ་ཁབ་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་འཛུགས་པའི་ཚད་གཞི་ས་གནས་ཀྱི་ཚད་གཞི་ནན་པོ་དང་། སྲིད་གཞུང་གིས་གཙོ་ཁྲིད། སྤྱི་ཚོགས་མཉམ་ལས། སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་བཅས་དང་ཟུང་འབྲེལ་བྱས་ཏེ་སྒོ་འབྱེད་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་རྒྱུན་འཁྱོངས་ཀྱིས་ཏང་གི་བཞེད་དོན་མངོན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་མངོན་པ། མི་དམངས་ཀྱི་འདོད་བློ་དང་མཐུན་པ། བོད་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་ལེགས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་གང་ཐུབ་བཟོས་ཏེ་སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་གཏོད་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས། འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། ཁེ་ལས་ཀྱི་འཐུས་མི་བཅས་ཀྱིས་གང་བསམ་ལྷུག་གླེང་དང་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ནས་ཕྱོགས་གང་ཅིའི་བློ་གྲོས་གཅིག་སྡུད་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་ཀྱིས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཡོང་བར་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
རིགས་པས་ཁུངས་སྐྱེལ་ཚོགས་འདུའི་རྣམ་པ་འཁྲུག་ཆ་དོད་པ་དང་ཚོགས་འདུར་ཞུགས་མཁན་བློ་མཐུན་ཚོས་གཏམ་བཤད་ཧུར་ཐག་གནང་ཞིང་། ཚང་མས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་དང་། བསྐྱར་སྐྱེས་ཐོན་ཁུངས་ཚུར་བསྡུ་དང་བེད་སྤྱོད། སྣོད་བཅུད་སྲུང་སྐྱོང་། སྣོད་བཅུད་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོ་སོགས་དང་ཟུང་འབྲེལ་བྱས་ཏེ་ཡང་དག་གནད་འཕིགས་ཀྱི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་པ་རེད།