དབུ་ཤོག>སྲིད་དོན།
  • “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-13

     ཚེས་9ཉིན་གྱི་སྔ་དྲོར། “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཡོངས་བསྒྲགས་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་350བཅས་ཀྱི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་ཐོན་ལས་འཕེལ་རྒྱས་དང་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་སྤུས་རྟགས་ནི་རྒྱལ་ཁབ་ཅིག་གམ་ས་ཁུལ་ཞིག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཆུང་ཚད་འཇལ་བའི་མཚོན་རྟགས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་སྤུས་རྟགས་དར་ན་ཐོན་ལས་ལས་ཀྱིས་སྟོབས་ཆེར་འགྲོ་ཐུབ། བོད་རང་སྐྱོང་ལྗོངས་ཀྱིས་ས་ཁོངས་ཀྱི་སྤུས་རྟགས་ཅན་མཐའ་འཁྱོངས་བྱས་ནས་སྤུས་རྟགས་བསྡུ་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་འཕེལ་རྒྱས་འཆར་འགོད་དེ་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས་ལས་སྟེགས་ཀྱི་གཞི་རྟེན་བསྡུ་སྒྲིལ་བྱེད་པ་དང་། སྤུས་རྟགས་ལས་རིགས་ཀྱི་མནའ་འབྲེལ་འཛུགས་པ། མ་ལག་ཅན་དང་བརྒྱུད་རིམ་ཅན་གྱི་སྒོ་ནས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་སྤུས་རྟགས་བསྡུ་སྒྲིལ་དང་འཕེལ་རྒྱས་གཏོང་བ། ཐོན་ལས་ཀྱི་སྤུས་རྟགས་སྣ་ཁ་གཏོད་པ། ཐོན་ལས་སྤུས་རྟགས་ཀྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། སྨྱན་སྦྱོར་ལས་བརྒལ་བ་དང་ཐོན་ལས་ལས་བརྒལ་བའི་རིམ་འདས་IPགཏོད་པ་བཅས་བྱས་ཏེ་བོད་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་དང་སྤུས་ལེགས་ཐོན་ཁུངས་རྒྱལ་ཡོངས་དང་འཛམ་གླིང་ལ་འོས་སྦྱོར་བྱེད་དགོས། སྤུས་ཚད་ཚད་ལྡན་ཅན་མཐའ་འཁྱོངས་བྱས་ནས་སྤུས་རྟགས་གཉེར་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་ཆབས་ཅིག“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་སྤྱོད་པའི་ཚད་གཞི་དང་། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ལམ་ལུགས། དོ་དམ་བྱེད་ཐབས་བཅས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་ལ་ཚོད་སྐོར་དང་སྤྱི་ཚོགས་སྤྱི་དམངས་ཀྱིས་ཞིབ་དཔྱད་ཚད་ལེན་བྱེད་པའི་ལས་དོན་སྤེལ་བ། སྤུས་རྟགས་སྲུང་སྐྱོང་དང་ལྟ་འདོམས་བྱེད་པ་དང་སྤུས་ཚད་འགན་ལེན་དང་ཡིད་རྟོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས། ས་ཁམས་མཚོན་རྟགས་ཅན་མཐའ་འཁྱོངས་བྱས་ནས་སྤུས་རྟགས་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྩེར་སོན་སྨྱན་སྦྱོར་དང་གཙོ་རྒྱུན་དྲ་ཐོག་ཚོང་དོན་ལས་སྟེགས་ལ་གཞི་བཙུགས་ཏེ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་ཆབས་ཅིག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། བོད་སྐྱོར་ཀྲུང་དབྱང་ཁེ་ལས་བཅས་དང་འབྲེལ་མཐུད་ཧུར་ཐག་བྱེད་དགོས། སྲོལ་རྒྱུན་ཐབས་ལམ་ལ་བརྟེན་ནས་དྲ་བ་དང་སྨྱན་སྦྱོར་གསར་པ་སོགས་ལས་སྟེགས་གསར་པ་བེད་སྤྱོད་དང་བྲིན་ཚོང་བྱ་ཐབས་གསར་པར་བརྟེན་ནས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་མིང་གྲགས་དང་མཚན་སྙན་ཆེ་རུ་གཏོང་བ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བོད་དར་གྱི་ལམ་བུར་བསྐྱོད་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས“སའི་གོ་ལའི་སྣེ་གསུམ་པའི་བོད་ཀྱི་མིང་བྱང་གསར་པ”བརྗོད་དོན་གཙོ་བོར་བྱས་ཏེ་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་དང་། སྤུས་རྟགས་འཕེལ་རྒྱས་གླེང་སྟེགས། སྤུས་རྟགས་ཉམས་ལེན་ཁང་། སྤུས་རྟགས་ཐད་གཏོང་བཅས་ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་མང་དང་ཟུར་ཚད་མང་པོའི་ཐོག་ནས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།